网站无障碍
“ལྗིད་ཏིག་ཏིག་གི་འབྲས་བུ”ལས་བྱུང་བའི་བདེ་སྐྱིད་ཀྱི་འཚོ་བ།
发布时间:2026年01月04日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   “ཕ་མེས་རྣམས་ཀྱིས་རྒྱུན་དུ‘ལོ་ཧྲིལ་པོར་ཞིང་ནང་དུ་བརྩོན་པ་བསྐྱེད་རུང་ཡོང་སྒོ་ཉུང་ཙམ་ལས་ཐོབ་རྒྱུ་མེད’ཟེར།  ངོ་མས་བཤད་ན་སྔོན་ཆད་ཞིང་བཏབ་ན་ཚེགས་ཆེ་བར་མ་ཟད་ཡོང་སྒོ་ཉུང་བས་འཚོ་བ་ངན་ངོན་ལས་རོལ་མི་ཐུབ།”རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་ཞོལ་མ་སྡེ་བའི་སྡེ་མི་མ་ཧྥུ་ཧའེ་ཡིས་དྲོད་ཁང་ནང་དུ་ཐོགས་པའི་ངང་ལག་ལ་ལྟ་ཞོར་ཡིད་ཆེས་དང་བཅས་ཏེ“ད་ལྟ་ང་ཚོས་ཚན་རིག་དང་མཐུན་པའི་དྲོད་ཁང་གི་འདེབས་འཛུགས་ལ་བརྟེན་ཡོད་པ་སྟེ། ཀྲུང་གོ་ཚན་རིག་གླིང་ཀོང་ཞི་སྐྱེ་དངོས་ཞིབ་འཇུག་ཁང་དང་ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་གཉིས་ཀྱིས་ལག་རྩལ་ཐད་ཀྱི་རོགས་རམ་བྱས་པའི་འོག ས་གཤིས་བསྒྱུར་བ་དང་སྐྱེ་ཁམས་འདེབས་འཛུགས་ཕྱོགས་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཚོད་ལྟ་བྱས་པས། འབྲུག་སིལ་དང་པ་ར་མི་ཏ། ཧྲི་ཅ་སིལ་སོགས་ཀྱི‘སིལ་ཏོག་དཀོན་པོ’དག་ཀྱང་འབྲས་བུ་ཐོགས་ནས་སྨིན་ཐག་ཆོད་ལ། དེས་གཅིག་ནས་ས་ཞིང་ཧུར་པོར་བཏང་ནས་རིན་ཐང་སྔར་བས་ཇེ་ཆེར་བཏང་བ་དང་། གཉིས་ནས་ངེད་ཚང་གི་མུའུ་གཅིག་དང་ཧྥུན་གསུམ་པོའི་ས་ཞིང་ལས་ཐོན་པའི་ཡོང་སྒོ་ལྡབ་འགའ་འཕར་དུ་བཅུག་ནས། ‘གནམ་ལ་བརྟེན་པ’ཡི་ལས་དབང་དེ་རྩ་བ་ནས་བསྒྱུར་ཡོད”ཟེར།


    ཁྱད་ལྡན་ཐོན་ལས་ནི་གྲོང་གསེབ་དར་སྤེལ་གྱི “ལྗིད་ཏིག་ཏིག་གི་འབྲས་བུ”ཡིན། དེས་དྲོད་ཁང་འདེབས་འཛུགས་ཀྱི་ལམ་ཁ་གསར་པ་བཏོད་པར་མ་ཟད། སྲོལ་རྒྱུན་ལག་རྩལ་ལའང་སྐྱེ་སྟོབས་ཀྱི་དཔལ་གསར་པ་རྒྱས་ཡོད། གཅན་ཚ་རུ་རང་ས་རང་ཡུལ་ནས་སྐྱེས་པའི་ཤིང་བཟོ་ལག་རྩལ་པ486ཡོད། དེ་དག་གིས“ལག་རྩལ་རྒྱུན་འཛིན་དང་ཐོན་ཁུངས་བེད་སྤྱོད། ལམ་ཁ་རྒྱ་བསྐྱེད”ཀྱི་འཕེལ་སྟངས་བཏོད་ཡོད། རོང་འབྲོག་པ་རྣམས་ལ་ཁྱིམ་ཚང་གི་སྒོ་ཁ་རུ་ལས་ཀ་ལས་རྒྱུ་ཡོད་ལ་ཡོང་སྒོ་བཙལ་རྒྱུ་ཡོད་དུ་བཅུག་ནས། སྲོལ་རྒྱུན་ཤིང་བརྐོས་ཀྱིས་དར་སྤེལ་གྱི་མཛེས་རིས་བརྐོས་ཡོད།རྭ་གཞུ་ཐོན་ལས་ཀྱིས་ཕྱོགས་མང་པོར་ཤུགས་འདོན་བཞིན་ཡོད། 
   
   དེ་རུ་རྭ་གཞུ་དང་གཞུ་ཐིག་སོགས་འཚོང་བཞིན་ཡོད་པར་མ་ཟད། མདའ་རྩེད་འགྲན་སྡུར་འགན་སྒྲུབ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་སྐྱེད་སྲིང་བྱེད་བཞིན་ཡོད། དེའི་ལས་གཉེར་པ16གི་དཔུང་སྡེའི་ཁྲོད་དུ་སྤྱིར་བཏང་གི་རོང་འབྲོག་པ་ཡོད་ལ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བཟོ་བཀོད་མཛེས་རྩལ་གྱི་བཟོ་བོ་སྐོར་ཞིག་ཀྱང་ཡོད། ཚང་མས་སྲོལ་རྒྱུན་གྱི་ལག་རྩལ་དེར་བརྟེན་ནས་ཁྱད་ལྡན་ཕྱུག་བསྒྱུར་གྱི་ལམ་ཁ་ངོ་མ་བཏོད་ཡོད།

    རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་དྭངས་མོ་དང་རི་ཡག་པ་སྲུང་ཞོར་དུ། གཅན་ཚ་རྫོང་གིས“ལྔ་བཅུ་བཞིའི”འཆར་འགོད་ཀྱི་ལམ་ཁར་བརྟེན་ནས་སྟོབས་ཤུགས་ལ་གཅིག་འདོམས་བྱས་པ་སྟེ། གཅིག་ནས་ཚོང་འགུག་དངུལ་འདྲེན་བྱེད་ཞོར་དུ་ཞིང་ཕྱུགས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་པར་མ་ཟད། རིག་གནས་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱས་ནས། ལས་རྣམ་མང་པོ་མཉམ་བསྲེས་ཀྱི་དེང་རབས་ཐོན་ལས་ཀྱི་མ་ལག་བཏོད། དྲོད་ཁང་འདེབས་འཛུགས་དང་སྲོལ་རྒྱུན་ལག་རྩལ་འདི་གཉིས་ལས་གཞན། ཡུལ་དེས“གཅན་ཚའི་ར་མ”ཞེས་པའི་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཀྱི“ཟོང་རྟགས་གྲགས་ཅན”ལ་དམ་པོར་དམིགས་ཏེ། གསོ་སྤེལ་ལས་རིགས་བསམ་དོན་ཡིད་བཞིན་དུ་གཉེར་ཐུབ་ཡོད་ལ། དེའི་ཁར་འཐེན་ཐུག་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། དེ་ལྟར“འདེབས་འཛུགས་གསོ་སྤེལ་ལས་སྣོན་བྱས་ཤིང་རིག་གནས་ཡུལ་སྐོར་གྱི་ལག་ཤེས་ཐོན་རྫས་བཙོང་བ”ཡི་འབྲས་བུ་གང་སར་སྨིན་པའི་འཕེལ་ཚུལ་བཟང་པོ་ཞིག་མངོན་ཡོད།

    ད་ལྟའི་གཅན་ཚ་རུ་དྲོད་ཁང་ནང་དུ་སིལ་ཏོག་གི་དྲི་ངད་ལྡང་ཞིང་བཟོ་ཤག་ནང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས། ཁྱད་ལྡན་ཐོན་ལས་དག་གཅིག་རྗེས་གཅིག་གིས་བསྙེགས་ཏེ་མདུན་དུ་མཆོང་བཞིན་ཡོད། ཡུལ་གྲུ་དེ་རུ་སྲོལ་རྒྱུན་རྙིང་པ་དང་འཕེལ་ཕྱོགས་གསར་པ་གཉིས་ཀ་འཕལ་ཁ་འཕྲོད་ཡོད་ལ། སྐྱེ་ཁམས་བཟང་པོ“དཔག་བསམ་ལྗོན་ཤིང”དུ་གྱུར་ཡོད། རོང་འབྲོག་པ་རྣམས་ཀྱིས་ཁྱིམ་ཚང་གི་སྒོ་ཁ་རུ་ཡོད་པའི་ཐོན་ལས་ལ་བརྟེན་ནས་ཡོང་སྒོ་མང་པོ་བཙལ་བའི་གྲོང་གསེབ་དར་སྤེལ་གྱི་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད། །