《ཐད་གཏོང་གློག་རྡུལ་ཚོང་ལས་ལྟ་སྐུལ་དོ་དམ་བྱེད་ཐབས》བསྒྲགས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག《ཐད་གཏོང་གློག་རྡུལ་ཚོང་དོན་ལྟ་སྐུལ་དོ་དམ་བྱེད་ཐབས》བསྒྲགས་ནས། ཐད་གཏོང་གློག་རྡུལ་ཚོང་དོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། འཛད་སྤྱོད་པ་དང་གཉེར་སྐྱོང་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་བསྲུངས་ནས། ཐད་གཏོང་གློག་རྡུལ་ཚོང་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
གཙོ་གཞིའི་འགན་འཁྲི་དམ་ཟབ་དུ་བཏང་སྟེ་འབྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་མ་ལག་བཙུགས། བྱེད་ཐབས་དེའི་ནང་གློག་རྡུལ་ཚོང་དོན་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་ཞིབ་ཕྲར་བཟོས་ཏེ། ལས་ཞུགས་སྔོན་དང་ལས་ཀའི་ཁྲོད། བྱ་བའི་རྗེས་བཅས་ཕྱོགས་གསུམ་དུ་ཐད་གཏོང་གློག་རྡུལ་ཚོང་དོན་སྟེགས་བུའི་གཉེར་སྐྱོང་པ་དང་། ཐད་གཏོང་ཁང་གི་གཉེར་སྐྱོང་མཁན། ཐད་གཏོང་ཚོང་གཉེར་མི་སྣ། ཐད་གཏོང་ཚོང་གཉེར་མི་སྣའི་ཞབས་ཞུའི་སྒྲིག་གཞི་སོགས་གཙོ་གཞིའི་བཅའ་ཁྲིམས་འགན་འཁྲི་སྔར་བས་ཁ་གསལ་དུ་བཏང་ཡོད།
ལྟ་སྐུལ་དོ་དམ་ཡོ་བྱད་གསར་གཏོད་བྱས་ནས་རྒྱུག་ཚད་ཀྱི་ལྟ་སྐུལ་དོ་དམ་ལམ་སྲོལ་ལ་ཤུགས་བསྣན་ཡོད། བྱེད་ཐབས་དེས་ཐད་གཏོང་གློག་རྡུལ་ཚོང་དོན་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ལྟ་སྐུལ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས།རྒྱུག་ཚད་ཀྱི་དོ་དམ་ཚོད་འཛིན་དེ་ལྟ་སྐུལ་དོ་དམ་ཡོ་བྱད་ཁྱབ་ཁོངས་ནང་བཅུག་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱིས་ཐད་གཏོང་ཁང་གི་གཉེར་སྐྱོང་པ་དང་། ཐད་གཏོང་ཚོང་གཉེར་མི་སྣ། ཐད་གཏོང་ཚོང་གཉེར་མི་སྣའི་ཞབས་ཞུའི་ལས་ཁུངས་ཀྱི་ཁྲིམས་འགལ་གནས་ཚུལ་སྐོར་ཐད་གཏོང་གློག་རྡུལ་ཚོང་དོན་ལས་སྟེགས་གཉེར་སྐྱོང་པར་བརྡ་ཁྱབ་བཏང་ཚེ། ཐད་གཏོང་གློག་རྡུལ་ཚོང་དོན་ལས་སྟེགས་གཉེར་སྐྱོང་པས་འབྲེལ་ཡོད་གཙོ་གཞི་ལ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་། བྱེད་ནུས་ཚོད་འཛིན། རྒྱུག་ཚད་ཚོད་འཛིན། ཐད་གཏོང་མཚམས་འཇོག་པ། དུས་བཀག་ནང་གཏོང་མཚམས་འཇོག་པ། རྩིས་ཐོ་སྒོ་རྒྱག་པ། རྩིས་ཐོ་བསྐྱར་དུ་ཐོ་འགོད་གཏན་འགོག་བྱེད་པ། མིང་ཐོ་ནག་པོའི་ནང་འཇུག་པ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱོད་དགོས་པ་གསལ་པོར་གཏན་ཁེལ་བྱས་ཡོད།
ལག་རྩལ་འཕེལ་རྒྱས་ལ་ཁ་གཏད་དེ་གྲངས་འཛིན་མིའི་ཐད་གཏོང་ཚད་ལྡན་དུ་བཏང་ཡོད། བྱེད་ཐབས་དེས་གྲངས་འཛིན་མིའི་ཐད་གཏོང་པ་སོགས་མིས་བཟོས་རིག་ནུས་ཀྱིས་གྲུབ་པའི་ནང་དོན་ལྟ་སྐུལ་དོ་དམ་ནང་བཅུག་ནས། ལག་རྩལ་གསར་པ་དེ་ཆ་འཕྲིན་རྫུན་མ་གྲུབ་པའམ་ཡང་ན་ཁྱབ་སྤེལ་བྱེད་པའི“ངོ་གཉིས་མར”འགྱུར་དུ་མི་འཇུག་པ་དང་། མིས་བཟོས་རིག་ནུས་ལག་རྩལ་དེ་ཐད་གཏོང་གློག་རྡུལ་ཚོང་དོན་ཁྱབ་ཁོངས་སུ་ཚད་ལྡན་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
མཐུན་སྦྱོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡེ་ཁག་ལས་བརྒལ་བ་དང་སྟེགས་བུ་ལས་བརྒལ་བའི་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པར་བྱས་ཡོད། བྱེད་ཐབས་དེས་ལྟ་སྐུལ་དོ་དམ་སྡེ་ཚན་དབར་མཉམ་འགུལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་དབར་གྱི་ཁུངས་སྣེ་རྩིས་སྤྲོད་དང་། ཆ་འཕྲིན་མཉམ་སྤྱོད། གྲོས་མོལ་ཞིབ་དཔྱད་སོགས་མཉམ་ལས་ལམ་སྲོལ་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག་ལྟ་སྐུལ་དོ་དམ་སྡེ་ཁག་དང་ལས་སྟེགས་དབར་གྱི་མཐུན་སྦྱོར་ཐག་གཅོད་ལམ་ལུགས་བཙུགས་ནས་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱས་ཡོད། །