ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་དང་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ2པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་ཞིབ་བཤེར་བྱེད་པར་འབུལ་རྩིས་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་འཆར་ཟིན་གྱི་མ་ཟིན་དང་གྲོས་ཞིབ་བྱས་པའི《སྲིད་གཞུང་བྱ་བའི་སྙན་ཞུའི》མ་ཟིན་ལ་གྲོས་སྡུར་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ལས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་སྤྱིར་བཏང་བ་ཞིག་གཏན་ནས་མིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་དཀའ་ངལ་གདོང་གིས་བསུས་ཤིང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས། དུས་རབས་ཀྱི་རིམས་ནད་ཀྱི་དཀའ་ངལ་ཚབས་ཆེན་ཐེག་པ་དང་། ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་འཇལ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་། བསྟུད་མར་ལོ་ལྔ་ལ་འབད་འཐབ་བྱས་པ་བརྒྱུད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་སྤོས་ནས་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་མགོ་ཡག་པོ་ཞིག་བརྩམས།
གྲོས་ཚོགས་སྟེང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་འགོད་བཟོ་པ་དང་ལག་བསྟར་བྱས་ཏེ། དགེ་མཚན་ཇེ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། འགག་རྩའི་བཀག་རྒྱ་མེད་པར་བཟོ་བ། ཞན་ཆ་དང་སྟོང་ཆ་ཁ་གསབ་བཅས་བྱེད་པ་དེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་བརྟན་པོ་འདིང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པར་འདོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི”འི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་བསྐྲུན་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་གཙོར་འཛིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། བཅོས་བསྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྩ་བའི་འགན་ལེན་དུ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་འབྱུང་བར་འགན་སྲུང་བྱེད་དགོས།
གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་རྩ་གནད་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞིབ་བཤེར་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་གྲོས་བསྡུར་བྱེད་པར་ཕུལ་བའི་བརྒྱུད་རིམ་ཁྲོད་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱས་ཏེ། ལྟ་བ་རྒྱ་ཁྱབ་ཏུ་གཅིག་བསྡུས་བྱ་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་བསྟན་དོན། ད་ལོའི་སྲིད་གཞུང་བྱ་བ་ཡག་པོར་བསྒྲུབ་དགོས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་བསྐྲུན་པ། ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པོར་གཅིག་གྱུར་འཆར་འགོད་བྱེད་པ་དང་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་དམིགས་སའི་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཆེ་རུ་གཏོང་བ། མུ་མཐུད་དུ་ནང་མཁོ་རྒྱ་སྐྱེད་པ་དང་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། འཕར་ཚད་ལེགས་འགྱུར་དང་བསགས་འབོར་ལ་སྐུལ་སློང་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་མུ་མཐུད་དུ་འགོག་སེལ་བྱེད་པ། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཚོང་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་སྣོན་པ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མུ་མཐུད་དུ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷོད་ཡངས་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ནས་བཅོས་བསྒྱུར་བྱེད་ཐབས་དང་སྤྱི་ཁོག་སྲིད་ཇུས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་བསྐྲུན་རྒྱུར་ཤུགས་སྣོན་དགོས་པ་དང་། སྒུལ་ནུས་གསར་པ་གསོ་སྐྱོང་དང་རྒྱ་ཆེར་གཏོང་བར་ཤུགས་བསྣན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཇེ་མགྱོགས་སུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་རྒྱུན་མཐུད་ངང་ཟབ་སྤེལ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ནས་གསར་དར་རྣམ་པའི་མཁར་གྲོང་ཅན་དང་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་དང་བདེ་འཇགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་སྲིད་འབྲས་ཀྱི་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། །
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།