网站无障碍
སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་འདི་མཐོ་རུ་གཏོང་རྒྱུ་རེད།
发布时间:2026年03月10日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ཚེས5ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་མགོ་བརྩམས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མགོ་རྩོམ་ཚོགས་འདུར་ཞུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ་རེད། 

སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང2026ལོའི་སྲིད་གཞུང་གི་ལས་དོན་ལས་འགན་ངོ་སྤྲོད་བྱེད་སྐབས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད་པ་སྟེ། 

བདེ་ཐང་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་དང་། བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལུས་རྩལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་ནུས་པ་ཆེ་རུ་གཏོང་དགོས།

སྨན་བཅོས་དང་སྨན་བཅོས་འགན་བཅོལ། གསོ་རིག་སྨན་རྫས་བཅས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བ་དང་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱིས་ཁྲིད་སྟོན་བྱེད་པའི་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། རྫོང་ཁུལ་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་འཁོར་སྐྱོད་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཉམས་ཞན་ཆེད་ལས་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། འཕྲལ་བཅོས་མྱུར་སྐྱོབ་དང་། ཁྲག་འགན་ལེན། དེ་བཞིན་འཕྲལ་སྡོམ་ནུས་པ་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། 

སྨན་བཅོས་སྒྲིག་གཞིའི་ནུས་པའི་ངེས་གནས་དང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། གཞི་རིམ་གྱི་སྨན་སྤྱོད་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དངོས་སུ་སྒྲུབ་པ་དང་། རིམ་པ་དབྱེ་ནས་ནད་བརྟག་སྨན་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།

ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།

གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར24མཐོ་རུ་གཏོང་རྒྱུ།

རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བ། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་རིན་གོང་བཅོས་སྐྱོང་ཇེ་ལེགས་སུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ། ལྷག་འཕྲོའི་མ་དངུལ་གྱི་བེད་སྤྱོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས།

མགོ་སྐོར་བཏང་ནས་སྨན་བཅོས་འགན་བཅོལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། 

ཚོང་ལས་ཀྱི་བདེ་ཐང་འགན་བཅོལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་དང་། གསར་གཏོད་སྨན་དང་སྨན་བཅོས་ཡོ་བྱད་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་དང་སྨན་རྫས་བེད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་སྐོང་དགོས།