མཚོ་བྱང་རྐང་ཚས“བོད་ལུགས་གསོ་རིག་གི་སྨན་ལུམས་གྲོང་རྡལ་ཆུང་ངུ”ལ་བརྟེན་ནས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་བཀོད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“བོད་ལུགས་གསོ་རིག་གི་སྨན་ལུམས་གྲོང་རྡལ་ཆུང་ངུ”འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། མ་ལག་བསྐྱར་སྐྲུན་དང་། ཐོན་ལས་མཉམ་འདྲེས། རིན་ཐང་གོང་འཕར་བཅས་ལྟེ་བར་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཀྲུང་བོད་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པ་དང་། དེའི་རྣམ་པ་དང་ཕན་འབྲས་ལས་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་མངོན་གསལ་དོད་པོ་ཡིན།
མ་ལག་སྦྲེལ་མཐུད་ཀྱི་སྣེ་ཁྲིད་བྱས་ཏེ།སྣེ་ཁྲིད་དེ་ཁྱབ་ཁོངས་ཡོངས་མཉམ་འགུལ་གྱི་རྣམ་པ་གསར་བ་བསྐྲུན། མཐོ་རིམ་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ་ཀྲུང་བོད་གསོ་རིག་གི་སྨན་རྫས་རྫོང་ཁོངས་གྲོང་གསེབ་དར་སྤེལ་དང་། དམངས་ཚིས་ལས་གྲྭ སྒྱུར་བཅོས་བཅས་ཀྱི་གཙོ་གནད་རྩིས་ཐོའི་ནང་ཁྱོན་ཡོངས་ནས་བཅུག་པ་དང་། ཆེད་དོན་ལག་བསྟར་ཇུས་གཞི་བཏོན་ནས“རྫོང་བོད་སྨན་ཁང་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཀྲུང་བོད་གསོ་རིག་ཁང་། སྡེ་བའི་འཕྲོད་བསྟེན་ཁང་བཅས་རིམ་པ་གསུམ་པའི་འབྲེལ་མཐུད་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཙུགས་ཡོད། སྡེ་ཁག་མཐུན་སྦྱོར་དང་ཐོན་ཁུངས་སྡེབ་སྒྲིག་ལ་ཤུགས་སྣོན་པར་བརྒྱུད་ནས་སྨན་བཅོས་དང་། ཁམས་སྲུང་།ཚན་རིག་ཞིབ་འཇུག ཐོན་ལས་སོགས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་རྒྱུད་རིམ་ལྡན་པའི་འཕེལ་རྒྱས་ཀྱི་མ་ལག་ཞིག་ཆགས་ཡོད།
ཤེས་ལྡན་མི་སྣས་རྨང་གཞི་བཏིང་བ་དང་། སྣེ་ཁྲིད་དེ་མུ་ནས་མུ་རུ་རྒྱུན་འཛིན་བྱེད་པའི་སྒུལ་ནུས་གསར་བ་སྐུལ་སློང་བྱས།“སྙིང་ལྕགས་བསྟན་འཛིན་གྱིས་རྒྱལ་ཡོངས་གཞི་རིམ་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་རྒན་གྲས་རྒྱུན་འཛིན་ལས་སྒྲུབ་ཁང”ལ་བརྟེན་ནས་སྨན་པ་གྲགས་ཅན་གྱི་ཉམས་མྱོང་རྒྱུན་འཛིན་དང་རྐང་འཛིན་གསོ་སྐྱོང་བྱས། “ཕྱིར་སྐྱོད་པའི”འཆར་གཞི་གསར་གཏོད་ལག་བསྟར་བྱས་ཏེ།རྐང་འཛིན་པ་བོད་ལྗོངས་སུ་ཟབ་སྦྱོང་བྱེད་པར་མངགས་ཏེ། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ལག་རྩལ་གསོན་ཉམས་ལྡན་པའི་སྒོ་ནས་རྒྱུན་འཛིན་བྱེད་པར་སྐུལ་འདེད་བྱས། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་བཅས་ཀྱི་སྨན་ཞབས་མི་སྣར་ཀྲུང་བོད་གསོ་རིག་གསོ་སྦྱོང་ཡོངས་སུ་ཁྱབ་པ་དང་། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་རིགས6དང་རྣམ་གྲངས10ཡན་གྱི་འོས་འཚམ་ལག་རྩལ་ཚད་ལྡན་ངང་སྤེལ་བ་དང་།བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་གཞི་རིམ་དུ་གཞི་བཙུགས་པ་ཡིན།
ཐོན་ལས་མཉམ་འདྲེས་ཀྱིས་སྣེ་ཁྲིད་བྱས་ཏེ།སྣེ་ཁྲིད་དེ་སྦྲེལ་ཐག་རྣམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་རྒྱ་སྐྱེད་བཏང་།“བོད་ལུགས་གསོ་རིག+”མཉམ་འདྲེས་བྱེད་སྟངས་གཏིང་ཟབ་ཏུ་བཏང་ནས་སྣེ་འདྲེན་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྩྭ་སྨན་འདེབས་འཛུགས་དང་རི་སྐྱེས་གསོ་སྐྱོང་བྱས་པར་གཞིགས་ནས།སེར་ཆེན་མུའུ1000འདེབས་འཛུགས་ལེགས་འགྲུབ་བྱུང་བར་མ་ཟད།མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྩ་སྨན་རིགས12འདེབས་འཛུགས་ཞིབ་འཇུག་ལེགས་འགྲུབ་བྱུང་ཡོད།“རིན་ཆེན་བཙོ་ཐལ”འདུལ་སྦྱོང་དང་དེ་བཞིན་བོད་སྨན་རྩ་ཆེན་རིགས་སྡེབ་སྦྱོར་གྱི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རྐང་ཚ་རྫོང་གིས་བོད་སྨན་རྩ་ཆེན་རིགས་ཐོན་སྐྱེད་བྱེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས།དེ་དང་ཆབས་ཅིགརྫོང་བོད་སྨན་ཁང་གིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་སྨན་རིགས120ཞིབ་མཆན་ཐོབ་པ་དང་། རིགས107སྨན་བཅོས་འགན་བཅོལ་ནང་བཅུག་ནས་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ཞིང་། བོད་ལུགས་གསོ་རིག་གི་སྨན་ལུམས་ཞབས་ཞུའི་འབྲེལ་ཐག་སྣུར་སྲིང་བྱས་ཏེ།སྲོལ་རྒྱུན་སྨན་ལུམས་ཀྱི་རྨང་གཞིའི་སྟེང་ཕྱེ་ལུམས་དང་གདོང་ལུམས་སོགས་ཁམས་གསོའི་རྣམ་གྲངས་སྣ་མང་གསར་གཏོད་དང་གསར་སྤེལ་བྱས་པ་དང་།ཞབས་ཞུ་དེ་གསོ་བཅོས་ནས་བདེ་ཐང་དོ་དམ་གྱི་རེས་གཟའ་ཧྲིལ་བོར་སྒྱུར་རྒྱུ་སྐུལ་འདེད་བཏང་། 2025ལོར་བོད་སྨན་ཁང་གི་སྨན་ལུམས་གསོ་བཅོས་བྱེད་མཁན་མི་ཐེངས9543ཟིན་པ་དང་།སྨན་ཁང་ཡོངས་ཀྱི་གསོ་བཅོས་བྱེད་མཁན་མི་ཐེངས28265ཟིན། སྨན་ལུམས་ཀྱིས་སྨན་ཁང་ཡོངས་ཀྱི་གསོ་བཅོས་བྱེད་མཁན་མི་ཐེངས་བསྡོམས་འབོར་གྱི33.76%ཟིན་ཡོད།
རིག་གནས་གནས་སྐོར་གྱིས་སྣེ་ཁྲིད་བྱས་ཏེ།སྣེ་ཁྲིད་དེ་བདེ་ཐངIPཡི་མིང་བྱང་གསར་བར་བཏོད་འདུག བོད་ལུགས་གསོ་རིག་གི་བདེ་ཐང་གནས་སྐོར་ཉམས་ལེན་རྣམ་གྲངས་གསར་གཏོད་བྱས་ཏེ།རྫོང་ཁོངས་སྐར་རིམ་ཆང་ཁང་དུ་བོད་ལུགས་གསོ་རིག་ཐོན་རྫས་ཉམས་ལེན་ཁུལ་བཙུགས་ནས“བོད་ལུགས་གསོ་རིག་གི་ཁམས་བདེ་སྨན་ལུམས”གནས་སྐོར་ཟོང་རྟགས་གཏོད་པ། བོད་ལུགས་གསོ་རིག་གི་གནའ་རྫས་ཁང་ཞིག་བཙུགས་པ་དང་། གསོ་བ་རིག་པའི་སྨན་ལུམས་ཀྱི་རིག་གནས་ཉམས་ལེན་མུ་འབྲེལ་བྱེད་སྒོ་སྤེལ་ནས་བོད་ལུགས་གསོ་རིག་གི་རིག་གནས་ཁྱབ་སྤེལ་གྱི་ནུས་པ་དང་ཡིད་འགུག་གི་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་བ་དང་། གསོ་བ་རིག་པས་མིའི་འབྱུང་ཁམས་ལ་བདེ་ཐང་བླ་ལྷག་ཅིག་སྩོལ་བར་སྐུལ་འདེད་བཏང་།
རིག་གནས་ཀྱི་བླ་སྲོག་གིས་སྣེ་ཁྲིད་བྱས་པ་དང་།སྣེ་ཁྲིད་དེ་རང་ལ་ཡིད་ཆེས་དང་རང་རྟོགས་ཀྱི་དར་སྲོལ་གསར་བ་བཙུགས།ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞིར་བརྟེན་ནས།བོད་ལུགས་གསོ་རིག་ཚན་རིག་ཁྱབ་གདལ་དང་སློབ་གསོ་རྒྱུན་རྣམ་ཅན་དུ་བཏང་བ་དང་། རིག་གནས་ཉམས་ལེན་དང་རྩེར་སོན་བདེ་ཐང་ཞབས་ཞུ་ཟུང་འབྲེལ་བྱས་པ་བརྒྱུད་ནས།བོད་ལུགས་གསོ་རིག་དེང་རབས་ཀྱི་ཁམས་གསོ་རླབས་རྒྱུན་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ།མང་ཚོགས་ཀྱིས་ཁས་ལེན་དང་སྤྱི་ཚོགས་ཟབ་ཞུགས་ཀྱི་རིག་གནས་རང་རྟོགས་སུ་རིམ་གྱིས་ཆགས་ཐུབ་པ་དང་།བོད་ལུགས་གསོ་རིག་དེང་རབས་རྒྱུན་འཛིན་བྱ་རྒྱུར་ཡུན་རིང་གི་གསོན་ཤུགས་བསྣན་ཡོད།
རྐང་ཚ་རྫོང་གིས“བོད་ལུགས་གསོ་རིག་གི་སྨན་ལུམས་གྲོང་རྡལ་ཆུང་ངུ”འདེགས་གནས་བྱས་ཏེ།ཞབས་ཞུའི་མ་ལག་དང་། ཐོན་ལས་མཉམ་འདྲེས། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཀྱི་ཕྱོགས་ནས་ཐོལ་བརྒལ་བྱུང་བར་མ་ཟད།རིག་གནས་མཚོན་བྱེད་དང་རིན་ཐང་ཁྱབ་སྤེལ་ཐད་སྔར་ལས་ཚད་དཔེ་བཙུགས་ཏེ་འདྲ་བཟོ་མི་ཐུབ་པའི“རྐང་ཚའི་རྣམ་པ”ཆགས་ནས་ཀྲུང་བོད་གསོ་རིག་གི་ཚད་མཐོའི་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལ་དཔེ་མཚོན་གྱི་དོན་སྙིང་ལྡན་པའི་ལག་ལེན་གྱི་མ་དཔེ་ཞིག་མཁོ་སྤྲོད་བྱས་སོ།།