མཚོ་སྔོན་གྱི“གནས་བཞིའི”ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ལམ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་གནས་ཐང་འཕར་ཁྲལ་སྤ་སེ་ཡི་གཞི་གྲངས་ལས་མངོན་པ་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཁུངས་ནུས་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། “གནས་བཞིའི”ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ངང་འཕེལ་བར་སྐུལ་འདེད་བཏང་བ་དང་། འབྲེལ་ཡོད་ལས་རིགས་མཐུན་སྦྱོར་ངང་འཕར་རྒྱུར་སྐུལ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཁྲལ་ཁུངས་བརྟན་པོའི་ངང་ཡར་རྒྱས་ཡོང་བར་ཐོན་ལས་ཀྱི་སྒུལ་ཤུགས་བསྣན།“གནས་བཞིའི”ཐོན་ལས་གཙོ་བོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། ཉེ་བའི་ལོ་ལྔའི་རིང་ལ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ཆུ་རླུང་གློག་གི་ནུས་པའི་གློག་འདོན། ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་འབྲེལ་ཡོད་ཞབས་ཞུ། ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས་སོགས་ཚོང་གཉེར་བྱེད་མཁན་གཙོ་བོས་སྤ་སེ་བཙོང་བའི་ཡོང་འབབ་ལོ་རེར་ཆ་སྙོམས8.5%འཕར་བ་དེ་ནི། དུས་མཉམ་ལས་ཞིང་ཆེན་ཡོངས་ཀྱི་སྤ་སེ་བཙོང་བའི་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་ཀྱི་ལྡབ2.1རེད། 2025ལོར་སྤ་སེ་བཙོང་བའི་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤ་སེ་བྱིན་ནས་ཕྱིར་ཚོང་བྱེད་པའི་ཡོང་འབབ་བསྡོམས་འབོར་གྱི9.3%ཟིན་ཡོད་ཅིང་། དེ་ནི་གོང་གི་ལོ་ལྔའི་དུས་མཇུག་ལས་བརྒྱ་ཆའི་ཚེག1.7གྱིས་ཇེ་མཐོར་སོང་ནས། རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་གནས་བབ་ངན་པ་མཐའ་དག་སེལ་ཐུབ་པར་བྱས་ཡོད།
ཐོན་ལས་མུ་ཕྲེང་སྣུར་སྲིང་དང་མུ་ཕྲེང་གསབ་པ། མུ་ཕྲེང་སྟོབས་ལྡན་གཏོང་བ་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱིས“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་སར་བྱས་ནས། ཐོན་ལས་སྐྱེ་ཁམས་འཐུས་ཚང་དུ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། གློག་རྡུལ་ལྷུ་ལག་ཆེ་གྲས་བཟོ་སྐྲུན་དང་འདྲེས་སྦྱོར་རྒྱུ་ཆ་བཟོ་སྐྲུན། ཡུལ་མིའི་སྡོད་ཁང་ཞབས་ཞུ། རླངས་འཁོར་གླ་གཏོང་། སྤ་སེའི་ལས་དོན་ལས་ཚབ། ཞོར་ཟས་རིགས་ལས་སྣོན། ཞིང་ལས་ཐོན་རྫས་མཛོད་ཉར། ནད་ཡམས་ཞིབ་བཤེར་ཞབས་ཞུ་སོགས་འབྲེལ་ཡོད་ལས་རིགས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། ཉེ་བའི་ལོ5ཡི་རིང་ལ། འབྲེལ་ཡོད་ལས་རིགས་དེ་དག་གི་གཉེར་སྐྱོང་གཙོ་བོས་ཁྱོན་བསྡོམས་སྤ་སེ་བྱིན་ནས་ཕྱིར་ཚོང་བྱེད་པའི་ཡོང་འབབ་ལོ་རེར་ཆ་སྙོམས16.6%འཕར་བ་དང་། 2025ལོར་སྤ་སེ་བཙོང་བའི་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤ་སེ་བྱིན་ནས་ཕྱིར་ཚོང་བྱེད་པའི་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད9.7%ཟིན་པ་དེ། གོང་གི་ལོ5ཡི་དུས་མཇུག་ལས་བརྒྱ་ཆའི་ཚེག4.2ཀྱིས་མཐོ་རུ་ཕྱིན་པར་བརྟེན། “གནས་བཞིའི”ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་དང་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། །