གྲང་ངར་ཆེ་བའི་མཐོ་སྒང་ས་ཁུལ་གྱི་ནུས་རྒྱུ་གསར་པའི་གསང་སྤྱོད་ཁང་ཚོད་ལྟའི་རྣམ་གྲངས་ཐོག་མ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་འཕན་པོའི་ནུས་རྒྱུ་གསར་པའི་གསང་སྤྱོད་ཁང་ཚོད་ལྟའི་རྣམ་གྲངས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་ཤིང་། གྲང་ངར་ཆེ་བའི་མཐོ་སྒང་ས་ཁུལ་གྱི་རྣམ་གྲངས་ཐོག་མ་ཡིན་པའི་ངོས་ནས། མཐོ་སྒང་ཁོར་ཡུག་གི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་ལག་རྩལ་གྱི་ཚད་བརྒལ་གལ་ཆེན་མངོན་འགྱུར་བྱུང་ཡོད་པ་མཚོན་པ་མ་ཟད། དེ་བས་ཀྱང་ཏན་ཏིག་གི་ཚན་རྩལ་ནུས་ཤུགས་ལ་བརྟེན་ནས་དམངས་ཚིས་ཉམས་ལེན་ཇེ་ལེགས་སུ་བཏང་སྟེ་རིགས་འདྲའི་ས་ཁུལ་ལ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི“རྐང་ཚའི་ལག་ལེན”མཁོ་འདོན་བྱས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་།རྐང་ཚ་རྫོང་གིས“གསང་སྤྱོད་ཁང་གསར་བརྗེའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་ཏུ་བྱས་ཏེ། ལྗོངས་ཁུལ་དང་གྲོང་ཁྱེར།ལྷག་པར་དུ་གྲོང་གསེབ་ཀྱི་གསང་སྤྱོད་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་བཏང་ཡོད། གྲང་ངར་ཆེ་བའི་མཐོ་ས་ཁུལ་གྱི་དགུན་དུས་རིང་བ་དང་། དྲོད་ཚད་དམའ་བ། སྲོལ་རྒྱུན་གྱི་གསང་སྤྱོད་ཁང་གིས་མང་ཚོགས་ཀྱིས་དགུན་དུས་སུ་གསང་སྤྱོད་ཁང་སྤྱོད་དཀའ་བ་དང་། དྲ་རྒྱ་དང་བྲལ་བའི་ས་ཁུལ་གྱི་ཆུ་བཤལ་རྒྱག་ཆོག་པའི་གསང་སྤྱོད་ཁང་ལ་དྲོད་མཁོ་འདོན་བྱེད་དཀའ་བ། ཆུ་འཁྱགས་སླ་ཞིང་སྦུ་གུ་བཀག་པས་སྤྱོད་ཐབས་དང་བྲལ་བ། འཁོར་སྐྱོད་ཀྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་ལ་གཞིགས་ནས། རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ཚན་རྩལ་གྱིས་སྣེ་ཁྲིད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་དང་ཐཱན་ཉུང་། ནུས་རྒྱུ་གྲོན་ཆུང་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་ཁང་འཛུགས་སྐྲུན་གྱི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས། 2025ལོར་རྐང་ཚ་རྫོང་གིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་དང་ལག་གདང་མཉམ་སྦྲེལ་གྱིས། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཚན་ཞིབ་སྤྱི་ཁྱབ་ཁང་གིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི“NICEནུས་འདོན་བཀར་ཁང”གི་ལྟེ་བའི་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་གསང་སྤྱོད་ཁང་ཆུའི་བཤལ་ཆོག་པའི་གསང་སྤྱོད་ལ་སྒྱུར་རྒྱུ་དེ་ནུས་རྒྱུ་གསར་པ་དང་ཟུང་འབྲེལ་བྱས་ནས་རང་ཚུགས་ངང་ནུས་རྒྱུ་མཁོ་འདོན་བྱེད་པའི་ཚོད་ལྟ་རང་བཞིན་གྱི་ཚོད་ལྟའི་གནས་ཚུགས་པ་རེད། རྣམ་གྲངས་ཀྱི་ལྟེ་བ་ནི“NICEནུས་འདོན་བཀར་ཁང”གི་མ་ལག་དེ་ཡིན། དེའི་ནང་སྲ་གཟུགས་ཚ་གསོག་ལག་རྩལ་དང་ནུས་མང་མཉམ་འདྲེས་ཀྱི་དྲ་ཕྲན་ལག་རྩལ་གཅིག་སྡུད་བྱས་ཡོད། སྡེབ་སྒྲིག་དེས་གྲང་ངར་ཆེ་བའི་མཐོ་སྒང་གི་སྤྱི་པའི་གསང་སྤྱོད་ཁང་ལ“ལྗང་མདོག་སྙིང་རྩ”དང“རིག་ལྡན་ཀླད་ཆེན”སྒྲིག་སྦྱོར་བྱས་པ་དང་འདྲ་སྟེ། སྲ་གཟུགས་ཚ་གསོག་དཔེ་དུམ་གྱིས་འོད་དང་གློག་ཡོད་པའི་སྐབས་སུ་ནུས་རྒྱུ་གསོག་ཐུབ་པ་མ་ཟད། གྲང་ངར་ཆེ་བའི་མཚན་ལམ་རིང་མོ་ལའང་རྒྱུན་མཐུད་དང་བརྟན་པོའི་ངང་དྲོད་གཏོང་ཐུབ་པ་དང་། ཆུ་སྦུབ་དང་ཁང་པའི་བར་སྟོང་ནམ་ཡང་འཁྱངས་རེངས་སུ་མི་འགྲོ་བར་འགན་ལེན་བྱེད་ཐུབ། ནུས་མང་མཉམ་འདྲེས་དྲ་ཕྲན་གྱིས་འོད་ཤུགས་སོགས་ནུས་རྒྱུ་གཙང་མ་རིག་ནུས་བཀོལ་གཏོང་བྱས་ནས་ནུས་རྒྱུ་རང་མཁོ་རང་འདོན་དང་སྙོམ་སྒྲིག་ལེགས་ཤོས་གཏོང་ཐུབ་པ་བྱེད་ཀྱི་ཡོད་པ་རེད། མིག་སྔར། ཚོད་ལྟའི་རྣམ་གྲངས་ཀྱི་སྒྲིག་བཀོད་ཁག་འཁོར་སྐྱོད་བརྟན་པོ་དང་དམིགས་སའི་ཚད་གཞིར་སླེབས་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་སྐབས་གྲང་ངར་ཆེ་བ་དང་ཁ་བ་བུ་ཡུག་སོགས་ཐལ་དྲག་གནམ་གཤིས་གྱི་ཚོད་བགམ་ཐེག་ཐུབ་པ་བྱུང་ཅིང་།དྲ་རྒྱ་དང་བྲལ་ཡང་ཆུ་ཚོད1500ཡན་ལ་བསྟུད་མར་འཁོར་སྐྱོད་བརྟན་པོ་བསྲིང་། སྤྱོད་འགོ་ཚུགས་རྗེས་ཟླ་རེའི་གློག་རིན90%གྲོན་ཆུང་བྱེད་ཐུབ།(སྲོལ་རྒྱུན་གློག་དྲའི་ནུས་རྒྱུ་མཁོ་འདོན་དང་བསྡུར་ན) ལག་རྩལ་གྱི་སྤྱོད་འཐུས་རང་བཞིན་དང་དཔལ་འབྱོར་རང་བཞིན་གྱི་ཐད་ནུས་ལྡན་གྱི་ར་སྤྲད་བྱས་ཡོད། ས་གནས་རང་གི་མང་ཚོགས་ཀྱིས་དགུན་དུས་སུའང་དྲོ་ཞིང་གཙང་བའི་གསང་སྤྱོད་ཁང་སྤྱོད་ཐུབ་པས་འཚོ་བའི་སྤུས་ཚད་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་པ་བསྟན།
ཚོད་ལྟའི་རྣམ་གྲངས་ལེགས་འགྲུབ་བྱུང་སྟེ་ཞིབ་བཤེར་རྩིས་ལེན་བྱས་པ་དེ་ནི“གསང་སྤྱོད་ཁང་གསར་བརྗེ”མཐོ་སྒང་ས་ཁུལ་ནས་གསོན་ཉམས་ལྡན་པའི་ལག་ལེན་ཐོབ་ཟིན་པ་ར་སྤྲད་པར་མ་ཟད། ཚན་རྩལ་གསར་གཏོད་སྔོག་འདོན་གྱིས་མཐོ་སྒང་གློག་དྲ་མེད་པའི་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དེ་དུས་ཚིགས་ཧྲིལ་པོར་སྤྱོད་ཆོག་པའི་ཐབས་ལམ་གསར་རྐྱང་ཞིག་འཚོལ་ཞིབ་བྱས་ཤིང་། འདྲ་བཟོ་བྱས་ཏེ་རྒྱ་ཆེར་སྤེལ་ཐུབ་པའི་བརྒྱུད་རིམ་ལྡན་པའི་ཐག་གཅོད་ཇུས་གཞི་ཞིག་ཏུ་ཆགས་ནས་མཐོ་སྒང་ས་ཁུལ་གྱི་དམངས་ཚིས་ཇེ་ལེགས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
མ་འོངས་པར། རྐང་ཚ་རྫོང་གིས་མུ་མཐུད་དུ་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་དང་མཉམ་འབྲེལ་གཏིང་ཟབ་ཏུ་བྱས་ཏེ། མ་ལག་སྔར་བས་ཇེ་ལེགས་སུ་བཏང་ནས་དཔེ་དུམ་ཅན་གྱི་ཐག་གཅོད་ཇུས་གཞི་བཏོན་ནས། ལྗང་མདོག་གསང་སྤྱོད་ཁང་འཛུགས་སྐྲུན་གྱི་དཔེ་དབྱིབས་དེ་གྲོང་གསེབ་གྱི་སློབ་གྲྭའི་སློབ་གསོ་དང་། མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་ཚིགས་གནས། འཕྲལ་བསྟུན་རོགས་སྐྱོབ་ཚིགས་གནས། གྲོང་སྡེ་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་སོགས་ཀྱི་རྣམ་པ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ།མུ་མཐུད་དུ་དམངས་ཚིས་ལེགས་བཅོས་ཁ་གསབ་དང་འཚོ་སྡོད་དང་ལས་གནས་ལ་འཚམ་ཞིང་མཛེས་སྡུག་འཆམ་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་དམངས་ཚིས་ཇེ་ལེགས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་གཉིས་མངོན་འགྱུར་ཡོང་བར་བྱས་ཏེ། གྲོང་གསེབ་དར་རྒྱས་དང་མཐོ་སྒང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྲ་བརྟན་གྱི་ཚན་རྩལ་དང་དམངས་ཚིས་ཀྱི་སྟོབས་ཤུགས་བརྟན་པོ་ཡིས་ནུས་ཤུགས་གང་ཡོད་འདོན་དགོས།