མཚོ་བྱང་ཁུལ་གྱི2026ལོའི“ཁུལ་དཔོན་རྟགས་མའི”གཞོན་ནུ་ལོ་ཆུང་གི་རྐང་གྲུག་འགྲན་སྡུར་སྤེལ་མགོ་བརྩམས།ཀྲང་ཧྲིང་ཡོན་གྱིས་འགྲན་སྡུར་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ4པའི་ཚེས15ཉིན། མཚོ་བྱང་ཁུལ་གྱི2026ལོའི“ཁུལ་དཔོན་རྟགས་མའི”གཞོན་ནུ་ལོ་ཆུང་གི་རྐང་གྲུག་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོ་ནུབ་མཚོ་ལུས་རྩལ་ར་བར་སྤེལ་མགོ་བརྩམས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འགྲན་སྡུར་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ལ། ལི་ཞུས་ཀྲིན་དང་མ་རུའུ་ཞང་། དབྱང་ཏེ་བཅས་ཞུགས།

ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་། ཞིང་ཆེན་དང་ཁུལ་གྱི་སློབ་གསོ་དང་ལུས་རྩལ་སོགས་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན། སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་ཟབ་མོའི་འོག མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་དེ་གནས་བབ་གལ་ཆེན་ཐོག་བཞག་ནས། སྤུས་ལེགས་འགྲན་སྡུར་གྱི་སྟེགས་བུ་གཏོད་རྒྱུ་གཞི་རྩར་འཛིན་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་འདེགས་སྐྱོར་དུ་བྱེད་པ། མ་ལག་འཐུས་ཚང་དུ་བཏང་ནས་འཇོན་མི་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་། ད་ལྟ། རྐང་གྲུག་དང་ལག་རྩེད་སྤོ་ལོ་སོགས་ལུས་རྩལ་བྱ་འགུལ་དེ་ཁུལ་ཡོངས་ཀྱི་སློབ་གྲྭའི་དར་སྲོལ་ཞིག་ཏུ་གྱུར་པ་དང་སློབ་གྲྭ་གཡུལ་ས་གཙོ་བོར་བྱེད་པའི་གཞོན་ནུ་ལོ་ཆུང་གི་རྐང་གྲུག་རྗེས་གྲབས་འཇོན་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ནས་གཞོན་ནུ་ལོ་ཆུང་གི་གཟུགས་པོའི་བྱང་ཚད་དང་བློ་སྟོབས་གཤིས་རྒྱུད། ཕྱོགས་བསྡུས་བྱང་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཏེ། མཚོ་བྱང་གི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པའི་ལང་ཚོའི་གསོན་ཤུགས་བསྣན་ཡོད།


ཐེངས་འདིའི་འགྲན་སྡུར་གྱི་དུས་ཡུན་ཉིན8ཡིན་པ་དང་། དམའ་འབྲིང་གི་སྐྱེས་པ་དང་སྐྱེས་མའི་ཚན་ཆུང་། མཐོ་འབྲིང་གི་སྐྱེས་པའི་ཚན་ཆུང་བཅས་སོ་སོར་ཚན་ཆུང་གསུམ་བཙུགས་ཡོད་ཅིང་། ཁུལ་ཡོངས་ཀྱི་སློབ་གྲྭ13གྱི་སྐྱེས་མའི་རྐང་གྲུག་རུ་ཁག7དང་སྐྱེས་པའི་རྐང་གྲུག་རུ་ཁག13གྱི་ཁྱོན་ལུས་རྩལ་པ433གྱིས་མིང་ཐོ་བཀོད་ནས་འགྲན་སྡུར་ལ་ཞུགས་ཤིང་། ནུབ་མཚོ་ལུས་རྩལ་ར་བ་དང་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་འགྲན་སྡུར་བྱ་ཡུལ་དུ་གཅིག་སྡུད་ཐོག་འགྲན་བསྡུར་བྱས།




མགོ་རྩོམ་མཛད་སྒོའི་ཐོག ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས་ལ། ཐོག་མའི་འགྲན་སྡུར་དེ་མདོ་ལ་རི་བོ་མཉམ་འབྲེལ་རུ་ཁག་དང་མཚོ་སྔོན་པོ་མཉམ་འབྲེལ་རུ་ཁག་དབར་བྱས་ཤིང་། མཐར་མཚོ་སྔོན་པོ་མཉམ་འབྲེལ་རུ་ཁག7:3གྱི་གྲུབ་འབྲས་ཀྱིས་མདོ་ལ་རི་བོ་མཉམ་འབྲེལ་རུ་ཁག་ལས་རྣམ་པར་རྒྱལ།