ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་ཀྱི་ལས་འཛོལ་བྱུང་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས4ཉིན་གྱི་ཆུ་ཚོད16དང་སྐར་མ40ཙམ་ལ། ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་ཧྭ་ཧྲེང་ཤོག་སྦག་བཟོ་གྲྭ་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་འབར་གས་ཀྱི་ལས་འཛོལ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད།
ལས་འཛོལ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་ལས་འཛོལ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་པ། རྗེས་འཇུག་གི་ལས་དོན་སོགས་ཡག་པོར་བསྒྲུབ་དགོས། ལས་འཛོལ་བྱུང་རྐྱེན་གང་མགྱོགས་ངང་རྩད་གཅོད་བྱས་ནས་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིར་དམ་པོར་དམིགས་པ་དང་འགན་འཁྲི་གཟབ་ནན་དུ་གཏོང་བ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། མི་གྲངས་བཤེར་རྒྱུར་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། ཚན་རིག་དང་མཐུན་པའི་ངང་འཚོལ་སྐྱོབ་ལས་དོན་སྒྲིག་འཛུགས་བྱེད་པ། ཞོར་ཐོན་གནོད་འཚེ་གཏན་འགོག་བཅས་བྱས་ནས། རྗེས་འཇུག་ལས་དོན་ཡག་པོར་བསྒྲུབ་དགོས། དུས་མཚུངས་སུ། ལས་འཛོལ་བྱུང་རྐྱེན་གང་མགྱོགས་སྒོས་རྩད་གཅོད་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱེད་དགོས། མིག་སྔར་ངལ་རྩོལ་དུས་ཆེན་གྱི་གུང་གསེང་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ས་གནས་སོ་སོར་ལས་འཛོལ་དེ་བསླབ་བྱར་བརྩིས་ནས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལས་འཛོལ་ཚབས་ཆེན་སྔོན་འགོག་བྱེད་དགོས་པའི་སྐུལ་ལྕག་བྱེད་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་བསྟུན་དོ་དམ་པུས་ལས་དོན་ཚོགས་ཆུང་དོན་རྐྱེན་བྱུང་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། ཧུའུ་ནན་ཞིང་ཆེན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རྨས་མ་སྐྱོབ་བཅོས་དང་དོན་རྐྱེན་བྱུང་ཡུལ་དངོས་སུ་འཕྲལ་སེལ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད་པ་དང་། མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། །