མཚོ་སྔོན་རྐང་ཚས་ཚད་མང་ནུས་ཤུགས་བཏོན་ནས་གནས་སྐོར་བ་མང་བའི་དུས་ཚིགས་ལ་གྲ་སྒྲིག་གང་ལེགས་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་གནས་སྐོར་བ་མང་བའི་དུས་ཚིགས་སུ་འགྲུལ་པ་མང་པོར་སྐྱེ་ཁམས་ཉམས་ལེན་དང་ཞིབ་འཇུག་སློབ་སྦྱོང་གི་དགོས་མཁོ་ཆེ་བའི་དོན་དངོས་ལ་གཞིགས་ནས། འགྲུལ་རྒྱུན་འགན་ལེན་དང་ཞབས་ཞུའི་སྤུས་ཚད་རིམ་སྤོར། བདེ་འཇགས་དོ་དམ་ཚོད་འཛིན། ཞིང་འབྲེལ་ཞིང་ཁྲིད། གཉེར་སྐྱོང་འགན་ལེན་སོགས་གཙོ་གནད་ལྷུ་ཚིགས་སུ་གནས་སྐོར་བ་མང་བའི་དུས་ཚིགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དང་གོ་རིམ་ལྡན་པ། ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ཕན་འབྲས་མངོན་གསལ་ཡིན་པ། གནས་སྐོར་བའི་མྱོང་ཚོར་སྟབས་བདེ་ལ་བློ་བདེ་བའི་བྱ་བའི་དམིགས་ཚད་མངོན་འགྱུར་བྱེད་དགོས།

སྒྲིག་བཀོད་ཀྱི་རྨང་གཞི་ཇེ་ལེགས་སུ་བཏང་ནས་བདེ་འཇགས་ཀྱི་སྲུང་རགས་ཇེ་བརྟན་དུ་བཏང་། ཆེད་ལས་སྒྲིག་བཀོད་ཞིབ་བཤེར་ཉམས་གསོ་དཔུང་ཁག2བཙུགས་ནས་དམིགས་བསལ་གཉེར་སྐྱོང་ས་ཚིགས4ཡི་རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཉམས་གསོ་བྱས། རིམ་རྩིས་བྱས་ན་གནས་སྐོར་བའི་རྐང་ཐང་ལམ་སྤྱི་ལེ11དང་། ཡུལ་ལྗོངས་ལ་ལྟ་བའི་ལས་སྟེགས16 ངལ་གསོའི་ས་ཁོངས35 གནས་སྐོར་སྤྱི་སྤྱོད་གསང་སྤྱོད8 རླངས་འཁོར་འཇོག་ས7བཅས་ལ་ཞིབ་བཤེར་ཉམས་གསོ་བྱས་ཤིང་། སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པའི་གནད་དོན22བཅོས་སྒྲིག་དང་ཉམས་གསོ་བྱས་ལ། གེགས་མེད་ཞབས་ཞུའི་ས་ཚིགས5འཐུས་ཚང་དུ་བཏང་། སྤྱི་བའི་གསང་སྤྱོད་ཀྱི་ལག་སྐྱོར125སྒྲིག་སྦྱོར་བྱས་པས། སྒྲིག་བཀོད་ཀྱིས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི1.5ཡི་འགྲུལ་རྒྱུན་ཐེག་ཚད་མཐོ་བའི་དགོས་མཁོ་སྐོང་ཐུབ་པར་འགན་ལེན་བྱས་ཡོད། ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་དང་དགོ་དམར་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེན་གཞིར་ཕྱོགས་ཡོངས་ནས་ཞིབ་བཤེར་ཉམས་གསོ་བརྒྱབ་པ་དང་། ཤིང་ཁང24དང་ཞིབ་འཇུག་སློབ་སྦྱོང་གི་སློབ་ཁྲིད་ཡོ་བྱད50ལྷག ལྟ་སྐུལ་ཚོད་འཛིན་མྱུལ་ཤེལ251དང་། མེ་གསོད་མེ་འགོག་གི་འཕྲལ་བསྟུན་ཡོ་བྱད320བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཉམས་གསོ་བྱས་ལ། བདེ་འཇགས་ཀྱི་བྱུར་རྐྱེན་ཁག9རྩད་ཞིབ་དང་བཅོས་སྐྱོང་བྱས་པས་བྱུར་རྐྱེན་དག་ཐེར་ཡོ་བསྲང་བྱས་ཚད་བརྒྱ་ཆའི100ཟིན་ཡོད། གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་ལུས་རྩལ་ར་བ་སྒྱུར་བཀོད། འགྲེམ་དངོས་བཀོད་སྒྲིག་ཞབས་ཞུ་བྱེད་གནས་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ། ལས་གཉེར་གཉེར་སྐྱོང་དང་འགྲུལ་རྒྱུན་དང་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏང་ཡོད།

ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས། གནས་སྐོར་བ་མང་བའི་དུས་ཚིགས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། གཏན་འཇགས་གཉེར་སྐྱོང་ལས་གནས45ཡི་རྨང་གཞིའི་སྟེང་གནས་སྐབས་ལས་ཞུགས་ལས་གནས100མང་དུ་བཏང་ནས་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་དང་ཁྱིམ་ཚང་དབུལ་བོ། དེ་བཞིན་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་སྔོན་ལ་ལས་ཞུགས་བསྡུ་ལེན་བྱས་པས། མིག་སྔར་མི2བསྡུ་ལེན་བྱས་ཟིན་ལ། སྔོན་དཔག་བྱས་ན་གནས་སྐོར་བ་མང་བའི་དུས་ཚིགས་སུ་ལས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི1ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ། “རིགས་པའི་གཞུང་ལུགས+དངོས་སྦྱོང+ནང་སྦྱོང”བཅས་ཀྱི་རྣམ་པ་སྤྱད་དེ་ཆེད་ལས་ཅན་གྱི་གསོ་སྦྱོང་བྱས་པ་དང་། རེས་སྐོར་གསུམ་པའི་ལས་མི་ཡོངས་ལས་གནས་ལ་མ་ཞུགས་གོང་གཅིག་སྡུད་གསོ་སྦྱོང་བྱས་ཤིང་། ལས་ཞུགས་མི་སྣ་མི་ཐེངས45སྒྲིག་འཛུགས་བྱས་ཏེ་ཞབས་ཞུ་ཚད་ལྡན་དང་སྐྱེ་ཁམས་སྲུང་སྐྱོང་། འཕྲལ་སྡོམ་ཐག་གཅོད། ཞུ་གཏུག་ཐག་གཅོད་སོགས་ཀྱི་ནང་དོན་ལ་དམིགས་ནས་ལས་ཞུགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། སྤུས་ལེགས་ཞབས་ཞུ་ལ་བརྟེན་ནས་གནས་སྐོར་སྤུས་ཚད་འགན་ལེན་བྱས་ཏེ། རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཕན་འབྲས་སུ་ཏན་ཏིག་བསྒྱུར།

ལས་རྣམ་གྱི་བཀོད་པ་ལེགས་སུ་བཏང་ནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་། དངོས་ཟོག་སྣ་ཚོགས་སྔོན་ཚུད་ནས་གཅིག་གྱུར་འཆར་འགོད་དང་གསོག་འཇོག་བྱས་ཏེ་དམངས་ཕན་ཞབས་ཞུའི་དངོས་ཟོག200ལྷག་ཙམ་དང་། སྐྱེ་ཁམས་དྲིལ་སྒྲོག་དངོས་རྫས་ཁྲི1.2དང་། འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག20ལྷག་ཙམ། གཙང་སྤྲའི་མཁོ་ཆས200ལྷག་བཅས་བཀོད་སྒྲིག་ཆ་ཚང་བྱས་པ་དང་། ཆེད་མིས་དོ་དམ་དང་འགུལ་རྣམ་བཀོད་སྒྲིག་བྱེད་པའི་ལམ་སྲོལ་བཙུགས་ནས་དངོས་ཟོག་མཁོ་འདོན་འདང་ངེས་དང་ལས་ཆོད་ཆེ་བར་འགན་སྲུང་བྱས་ཡོད། མཛེས་ལྗོངས་ཁུལ་གྱི་ལས་རྣམ་བཀོད་སྒྲིག་ལེགས་སུ་བཏང་ནས། དགོ་དམར་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་ཞིབ་འཇུག་སློབ་སྦྱོང་གི་སློབ་ཁང3དང་ཚན་རྩལ་ཁྱབ་གདལ་འགྲེམ་སྟོན་བྱང་བུ30གསར་སྣོན་བྱས། ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ལས་རྣམ་རིམ་སྤོར་དང་མཚོ་འཁྱིལ་གྱི་གསེར་ཉ་སྐྱེ་འཕེལ་ལ་ལྟ་གཟིགས་གནས་མཆོག་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་། རིག་གནས་གནས་སྐོར་གྱི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། ནོར་ཤའི་ཐོན་རྫས་དང་ནས་སོབ། པད་ཁའི་ཐོན་རྫས། བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ས་གནས་འདིའི་ཞིང་ཕྱུགས་ལས་ཀྱི་དམིགས་བསལ་ཐོན་རྫས། རིག་གནས་གསར་གཏོད་ཐོན་རྫས་རིགས6གྲ་སྒྲིག་བྱས་ནས་ཞིང་ཕྱུགས་ལས་ཀྱི་དམིགས་བསལ་ཐོན་རྫས་འགྲེམ་འཚོང་ས་ཁུལ2བཙུགས་པ་དང་། འགྲུལ་རྒྱུན་མང་བའི་དུས་ཚིགས་ལ་བརྟེན་ནས་ཞིང་འབྲོག་ཁྱིམ་ཚང་གི་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། སྔོན་དཔག་བྱས་ན་མཉམ་ལས་ཞིང་འབྲོག་ཁྱིམ་ཚང་རེར་ཆ་སྙོམས་འབབ་འཕར་སྒོར3000ཡན་ཡོང་བར་སྐུལ་ཁྲིད་བྱེད་ཐུབ་པས། རིག་གནས་གནས་སྐོར་ཐོན་ལས་དང་གྲོང་གསེབ་དར་སྤེལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་།
དྲིལ་སྒྲོག་ཚོང་གཉེར་གཏིང་ཟབ་ཏུ་བཏང་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་། སྨྱན་སྦྱོར་ཡོངས་ཀྱི་དྲིལ་སྒྲོག་ཕྲེང་བསྟར་སྤེལ་ནས་རིག་གནས་གནས་སྐོར་གྱི་དྲིལ་སྒྲོག་ནང་དོན64སྤེལ་བ་དང་། དྲ་ལམ་ཐད་གཏོང་ཐེངས1བྱ་རྒྱུའི་འཆར་གཞི་ཡོད་པས། སྔོན་དཔག་བྱས་ན་དྲ་ཞུགས་མི་ཐེངས་ཁྲི1ལས་བརྒལ་རྒྱུ་རེད། ས་ཁོངས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་གྲོང་ཁྱེར་དང་རྫོང་གི་རིག་གནས་གནས་སྐོར་སྡེ་ཁག་དང་། གནས་སྐོར་ལས་དོན་ཁང239དང་མཉམ་འགུལ་རོགས་ལས་བྱས་ཏེ། ཐོན་ཁུངས་ཕན་ཚུན་ངོ་སྤྲོད་དང་འགྲུལ་ཁུངས་མཉམ་སྤྱོད་ཀྱི་མཉམ་ལས་གྲོས་མཐུན་བཞག་ནས་མཉམ་འབྲེལ་ཐོག་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དང་། གནས་སྐོར་བ་མང་བའི་དུས་ཚིགས་སུ་གནས་སྐོར་བ་སྣེ་ལེན་བྱེད་ཚད་དུས་མཉམ་ལས15%འཕར་རྒྱུའི་བརྩོན་ལེན་བྱས། གནས་སྐོར་ཞུ་གཏུག་གདུབ་ཟུམ་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཞུ་གཏུག་ཐབས་ལམ་ཡོངས་བསྒྲགས། ཐོག་མའི་འདྲི་རྩད་འགན་འཁུར་དོན་འཁྱོལ་བྱེད་པ། མཉམ་འབྲེལ་གྱིས་རིག་གནས་གནས་སྐོར་ཁྲོམ་རར་ཆེད་དོན་བཅོས་སྒྲིག་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ། གནས་སྐོར་བའི་ཞུ་གཏུག་ཐག་གཅོད་བྱེད་ཚད100%ཟིན་པར་འགན་ལེན་བྱས་པ་དང་། གནས་སྐོར་བའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས་གནས་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་།