网站无障碍
མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་དྲིལ་སྒྲོག་དུས་ཚིགས་ཀྱི་བྱེད་སྒོ་ཁེ་རམ་ཐང་ལྗོངས་ཁུལ་དུ་སྤེལ་མགོ་བརྩམས།
发布时间:2026年06月10日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  ཟླ6པའི་ཚེས8ཉིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་དྲིལ་སྒྲོག་དུས་ཚིགས་དེ་རྐང་ཚ་རྫོང་ཁེ་རམ་ཐང་ལྗོངས་ཁུལ་དུ་དངོས་སུ་སྤེལ་མགོ་བརྩམས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀརྨ་ཕུན་ཚོགས་ཀྱིས་ཤིས་ཚིག་ཕུལ་བར་མ་ཟད་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན་བྱེད་སྒོར་སླེབས་པ་དང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲིན་ཏིག་ཧུའེ་ཡིས་མགོ་རྩོམ་མཛད་སྒོར་གཙོ་སྐྱོང་གནང་།

1.jpg

 ཀརྨ་ཕུན་ཚོགས་ཀྱིས་ཤིས་ཚིག་ཁྲོད་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྟོག་ཞིབ་གནང་སྐྦབས་ཀྱི་མངགས་བཅོལ་བརྟན་པོ་དང་བརྩེ་བའི་རེ་བ་ཟབ་མོས་ང་ཚོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་དང་ཐབས་ལམ་དང་བྱ་ཐབས་ཁ་གསལ་བཟོས་ཤིང་། མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ལ་དེ་ནི་དུས་རབས་གསར་བ་དང་བགྲོད་ལམ་གསར་བའི་མཚོ་སྔོན་པོའི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱུད་ཀྱི་ཕྱོགས་སྟོན་ཞིག་རེད། ལོ་ལྔའི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས"ཡིད་ལ་བརྟན་པོར་བཅངས་ནས་མཚོ་མོ་སྲུང་བའི་འགན་འཁྲི་འཁུར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་དེ་དངོས་སྒྲུབ་ལག་བསྟར་གྱི་སྒུལ་ཤུགས་ཆེན་པོར་སྒྱུར་བྱས་ནས“སྤྱི་གླིང་གཅིག་དང་ས་ཁུལ་གཅིག"གཏོད་རྒྱུ་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བ་བཅས་མཉམ་དུ་མདུན་སྐྱོད་བྱེད་པའི་ཐབས་ལམ་གསར་པ་བཏོད་ཅིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལག་བསྟར་བྱེད་པ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བཅས་བྱས་ནས་ཕན་ཚུན་ལྟ་རེས་རོགས་རེས་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྲོལ་གསར་གསོ་སྐྱོང་བྱས་པ་དང་། སྐྱེ་ཁམས་ཀྱི་མཛེས་པ་དང་མི་ཆོས་ཀྱི་དབྱངས་རྟ། འཆམ་མཐུན་བཅོས་སྐྱོང་བཅས་མཉམ་འདྲེས་གཏིང་ཟབ་བྱུང་བ་ནི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིག་གནས་ཀྱི་རྩ་བ་དང་དུས་རབས་ཀྱི་ཉམས་འགྱུར་གསོན་པོ་ཞིག་ཀྱང་རེད་ཟེར། ཁོས་བྱེད་སྒོ་སྤེལ་བ་བརྒྱུད་མི་སྔར་ལས་མང་པོས་མཚོ་སྔོན་པོ་ཤེས་རྟོགས་ཐུབ་པ་དང་མཚོ་སྔོན་པོར་དགའ་ཞེན་བྱེད་པ། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་དུ་འཇུག་རྒྱུའི་རེ་བ་ཡོད་ཟེར།

2.jpg

 ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་དྲིལ་སྒྲོག་དུས་ཚིགས་ཀྱི་མུ་འབྲེལ་བྱེད་སྒོ་སྤེལ་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཕྱོགས་ཡོངས་ནས་བསྐྱར་དྲན་དང་། ལོ་ལྔའི་སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཕྱིར་དྲན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་དང་མཚོ་བྱང་ཁུལ་གཉིས་ཀྱིས་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་དངོས་སྒྲུབ་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན། ལོ་ལྔའི་རིང་། མཚོ་བྱང་ཁུལ་དང་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། "རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ"བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ལ། ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྐོར་བྱང་རྒྱུད་ཀྱི་སྐྱེ་ཁམས་ཉམས་ལེན་ས་ཚིགས6བསྐྲུན་པ་དང་། མཚོ་སྐོར་འབྲོག་ལས་རིག་གནས(མཚོ་བྱང)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པའི་ལྗང་མདོག་མཉམ་རྒྱལ་གྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད་ཟེར། ཁོས་བཤད་རྒྱུར། མཚོ་བྱང་ཁུལ་གྱིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ་མཉམ་ལས་བརྗེ་རེས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མཚོ་སྔོན་པོའི་གཏམ་རྒྱུད་ཡག་པོར་བཤད་པ་དང་རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་བརྒྱུད་སྒྲོག་བྱས་ཏེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

3.jpg

 རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་དུས་ཚིགས་དུས་ཡུན་ཟླ་བ་གསུམ་ལ་སྤེལ་རྒྱུ་ཡིན་ཞིང་། ཁྱོན“ལྔ་བཅུ་བཞིའི”བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་དང་། མཚོ་སྔོན་པོ་སྐོར་བའི་སྨྱན་སྦྱོར་བཅར་འདྲི། མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་འགྲུལ་བཞུད་སོགས་ནང་དོན་ཁག་བདུན་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་དྲིལ་སྒྲོག་དུས་ཚིགས་མགོ་རྩོམ་སར་བྱས་ཏེ་སྐྱེ་ཁམས་ཀྱི་རིག་གནས་རྨང་གཞི་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང“གསར་སྐྲུན་གཉིས”ཀྱི་བྱ་བ་སྒྲུབ་པར་ཁོར་ཡུག་གི་རྣམ་པ་བཟང་པོ་ཞིག་གཏོད་ཆེད་རེད། 

 མཚོ་ནུབ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲའོ་ཞིན་རུང་དང་། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲིག་ཞང་ཞན། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཧུའུ་ཁྲིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཝེ་ཏུང་། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་ལི་ཞུ་ཀྲིན། ཝན་བཀྲ་ཤིས་དོན་འགྲུབ། མ་རུའུ་ཞང་། སྟག་ལྷ།  ཝུའུ་ཧྲུའུ་རོང་། ཞོ་རོས་ཞིན་བཅས་བྱེད་སྒོར་སླེབས་ཤིང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བ་དང་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་སྦྱོར་གསར་འགོད་པ་བཅས་ཞུགས།