ཞི་ཅིན་ཕིང་དང་ཕིན་ལི་ཡོན་གཉིས་ཀྱིས་ཀྲུང་ཁྲའོ་མཛའ་མཐུན་མཆོད་རྟེན་དུ་ལྟ་སྐོར་གནང་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས9ཉིན་གྱི་སྔ་དྲོར། ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་ཁྲའོ་མཛའ་མཐུན་མཆོད་རྟེན་དུ་ལྟ་སྐོར་གནང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་གཉིས་ཀྱིས་ཕེབས་རོགས་གནང་།

ཆུ་ཚོད10དང་སྐར་མ40སྟེང་། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གཉིས་རླངས་འཁོར་ལ་བསྡད་ནས་མུའུ་ཏན་རི་རྩེའི་ཀྲུང་ཁྲའོ་མཛའ་མཐུན་མཆོད་རྟེན་དུ་འབྱོར་བ་དང་། ཅིན་ཀྲིན་ཨེན་དང་ལི་ཞུའེ་ཀྲུའུ་གཉིས་ཀྱིས་བསུ་མ་གནང་། ཁྲའོ་ཞན་དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གུས་དམག་གིས་དལ་གྱིས་མེ་ཏོག་གི་ཚོམས་བུ་སྟེགས་བུའི་སྟེང་བསྐྱལ། མེ་ཏོག་གི་ཚོམས་གོས་སྟེང“ཀྲུང་གོ་མི་དམངས་དང་བླངས་དམག་མིའི་སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་བྲིས་ཡོད། ཞི་ཅིན་ཕིང་དལ་གྱིས་སྟེགས་བུའི་སྟེང་ཕེབས་ནས་མེ་ཏོག་གི་ཚོམས་གོས་ལེགས་སྒྲིག་བྱས། མི་ཚང་མས་ཀྲུང་གོ་མི་དམངས་དང་བླངས་དམག་མིའི་སྔོན་གཤེགས་དཔའ་བོར་ངག་སྡོམ་མྱ་ངན་ཞུས། མྱ་ངན་ཞུ་རྗེས། ཞི་ཅིན་ཕིང་དང་ཅིན་ཀྲིན་ཨེན་གཉིས་ཀྱིས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཞི་ཅིན་ཕིང་བཟའ་ཟླ་གཉིས་ཅིན་ཀྲིན་ཨེན་བཟའ་ཟླའི་ཕེབས་རོགས་འོག་མཛའ་མཐུན་མཆོད་རྟེན་གྱི་དྲན་རྟེན་ཚོམས་ཆེན་དུ་ཕེབས། ཅིན་ཀྲིན་ཨེན་གྱིས་ཞི་ཅིན་ཕིང་ལ་མཛའ་མཐུན་མཆོད་རྟེན་དུ་འགྲེམ་སྟོན་བྱས་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམར་འཛིང་བྱས་ནས་ཐུན་མོང་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་དཔྱད་ཡིག་དང་འདྲ་པར། སྣུམ་ཚོན་རི་མོ་བཅས་ཀྱི་བརྩམས་ཆོས་ངོ་སྤྲོད་བྱས། ཞི་ཅིན་ཕིང་ཡུན་རིང་ལ་བཞུགས་ནས་གཟབ་ནན་གྱིས་གཟིགས། ཞི་ཅིན་ཕིང་གིས་དང་བླངས་དམག་མིའི་སྔོན་གཤེགས་དཔའ་བོའི་མིང་ཐོར་ནན་ཏན་ངང་གཟིགས་ཏེ། ཅིན་ཀྲིན་ཨེན་ལ་རང་སྲོག་བློས་བཏང་བའི་དང་བླངས་དམག་མིའི་དཔོན་དམག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།
ཞི་ཅིན་ཕིང་དང་ཅིན་ཀྲིན་ཨེན་རྣམ་གཉིས་ཀྱིས་དུས་རབས་གོང་མའི་ལོ་རབས50པར་ཀྲུང་གོ་དང་ཁྲའོ་ཞན་གྱིས་མཉམ་དུ་དམག་འཐབ་བྱས་པའི་ལོ་ཟླ་ནི་ཕྱོགས་གཉིས་ཀྱི་རྟག་བརྟན་གྱི་ལོ་རྒྱུས་དྲན་པ་ཡིན་ལ། ཕྱོགས་གཉིས་ཀས་དང་བླངས་དམག་མིའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ཏེ། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་ནས། རླབས་ཆེན་གྱི་མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་རྒྱས་གོང་འཕེལ་དང་། རླབས་ཆེན་གྱི་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇུག་དགོས་པར་འདོད།
ཚའེ་ཆི་དང་ཝང་དབྱི་སོགས་ཀྱང་ཞུགས། །