མཚོ་སྔོན་ཞིང་ཆེན་གྱི་བརྗོད་དོན་འོས་སྦྱོར་བྱ་འགུལ་སུའེ་ཙེར་རི་ནེ་ཝ་རྒྱལ་སྤྱིའི་ཕོ་བྲང་དུ་སྤེལ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རི་ནེ་ཝ་རུ་རྒྱུན་སྡོད་ཀྱི་ཀྲུང་གོའི་འཐུས་ཚབ་ཚོགས་པ་གཉིས་ཀྱིས་སུའེ་ཙེར་རི་ནེ་ཝ་རྒྱལ་སྤྱིའི་ཕོ་བྲང་དུ་མཉམ་འབྲེལ་སྒོས"རབ་མཛེས་མཚོ་སྔོན། རང་བྱུང་དང་མི་ཚུལ་མཉམ་འདྲེས་ཀྱི་དག་གཙང་། མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་གཞིས"ཞེས་པའི་བརྗོད་དོན་འོས་སྦྱོར་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། མཉམ་འབྲེལ་རྒྱལ་ཚོགས་རི་ན་ཝ་གཞུང་ལས་ཁྲུའུ་ཡི་སྤྱིའི་ལས་འཛིན་ཝ་ལོ་ཝ་ཡ། རི་ནེ་ཝ་རུ་རྒྱུན་སྡོད་ཀྱི་ཀྲུང་གོའི་གཞུང་ཚབ་པ་ཅཱ་ཀོས་ཏི་བཅས་ཀྱིས་གཏམ་བཤད་པ་དང་། རྒྱལ་ཁབ་མང་པོའི་རྒྱུན་སྡོད་འཐུས་ཚབ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པ་སོགས་མི200ཙམ་བྱ་འགུལ་ལ་ཞུགས།

ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་བྱེད་སྒོར་ཞུགས་པའི་མགྲོན་པོར་དགའ་བསུ་དང་བཀའ་དྲིན་ཞུས་པར་མ་ཟད། སྟབས་བདེའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོས་བསྟན་དོན། མཚོ་སྔོན་ལ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཆེན་མོའི་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སེམས་པ་མཚོ་སྔོན་ལ་ཕྱོགས་ཤིང་། མཚོ་སྔོན་ལ་བརྩེ་བ་བཅངས་ཡོད་པས། མཚོ་སྔོན་ལ"ཆེས་ཆེན་པོ་གསུམ"གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང་།"སྔར་བས་གལ་ཆེན་གསུམ"གྱི་འཐབ་ཇུས་གོ་གནས་སྤྲད་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་། ཐོན་ལས"གནས་བཞི"འཛུགས་སྐྲུན་བྱེད་པའི་མཛེས་སྡུག་དཔེ་རིས་བཀོད་ཡོད། ཁོས་ཤིས་ཚིག་ནང་མཚོ་སྔོན་ཁྱིམ་ཚང་གཅིག་གིས་མི་རབས་གསུམ་ལ་འབྲི་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱས་པའི་འབྲོག་པའི་སྐྱེ་ཁམས་དོ་དམ་པ་དང་།"མི་ཚེའི་གངས་རིའི་དང་པོ"གངས་དཀར་རི་བོ།"མཚོ་སྔོན་འཐེན་ཐུག"འཛམ་གླིང་དུ་བསྐྱོད་པ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་སློབ་གསོ་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་དངོས་མཚོན་བཞི་གཙོ་བོར་མཉམ་སྤྱོད་བྱས་ཤིང་། གནས་ནས་ངོས་སུ་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་འཛིན་བྱས་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་དང་འབྲས་བུ་བསྟན་ཞིང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུའི་ལག་ལེན་གསོན་ཉམས་ལྡན་པ་བྲིས་ཡོད། ཁོས་བཤད་རྒྱུར། མཚོ་སྔོན་གྱི་འཕེལ་རྒྱས་འགྱུར་ལྡོག་ནི། ཀྲུང་གོས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐུལ་འདེད་བཏང་བའི་བསྡུས་གཟུགས་ཤིག་ཡིན་ལ། འཛམ་གླིང་ལ་ཕན་པ་ཆེ་བའི་བརྡ་རྟགས་འདོན་སྤྲོད་ཐུབ་པར་རེ་སྒུག་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རོགས་སྐུལ་བྱ་རྒྱུ་ཡིན། རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་མཚོ་སྔོན་དུ་ཡོང་ནས་གཟིགས་མོ་མཛད་དེ། རབ་མཛེས་མཚོ་སྔོན་གྱི་རང་བྱུང་མཛེས་པ་དང་། མི་ཚུལ་མཛེས་པ། འཕེལ་རྒྱས་མཛེས་པ་བཅས་དངོས་སུ་མྱོང་རོལ་བྱེད་པར་གདན་ཞུ་ཞུས།

ཝ་ལོ་ཝ་ཡས་བསྟན་དོན། ཀྲུང་གོའི་མཚོ་སྔོན་གྱི་ལག་ལེན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་དཔྱད་གཞི་གལ་ཆེན་གྱི་དོན་སྙིང་ལྡན་ཞིང་།མཉམ་གཅིག་ཏུ《2030ལོར་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་གྲོས་རིམ》གྱི་གོ་ལ་ཧྲིལ་བོའི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱེད་པར་མ་དཔེ་འདོན་སྤྲོད་བྱས་ཡོད། ཅཱ་ཀོས་ཏི་ཡིས་བཤད་རྒྱུར། མཚོ་སྔོན་གཏམ་རྒྱུད་ཀྱིས་འདྲ་མཉམ་མཐུན་སྒྲིལ་གྱི་ཀྲུང་གོའི་མི་རིགས་སྲིད་ཇུས་དང་། འཕེལ་རྒྱས་ཀྱིས་མིའི་ཐོབ་ཐང་སྤེལ་བའི་ཀྲུང་གོའི་ལག་ལེན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཀྲུང་གོའི་ཁས་ལེན་མཚོན་པར་བྱས་ཡོད་ལ། གྲོགས་པོ་སྔར་ལས་མང་པོས་མཚོ་སྔོན་ལ་རྒྱུས་ལོན་དང་། ཀྲུང་གོར་རྒྱུས་ལོན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བློ་གྲོས་དང་སྟོབས་ཤུགས་མང་པོ་འདོན་པའི་རེ་བ་བཅངས་ཡོད།

བྱ་འགུལ་གྱི་ཡུལ་དངོས་སུ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་མའི་འཐུས་ཚབ་ཀྱིས་རྒྱ་བོད་དབྱིན་གསུམ་གྱི་སྐད་རིགས་སྟེང་ནས་རྒྱལ་ཁབ་ཕྱི་ནང་གི་གླུ་དབྱངས་བླངས་ཤིང་། ཕྱི་རྒྱལ་གྱི་མགྲོན་པོས་གཅིག་བསྡུས་སྒོས་མཚོ་སྔོན་གྱི་སྐྱེ་ཁམས་པར་བརྙན་དང་། ཐང་གའི་སྒྱུ་རྩལ་འགྲེམ་སྟོན་ལ་བལྟས་ཤིང་། ཡུལ་དངོས་སུ་མཚོ་སྔོན་བོད་ལུགས་གསོ་རིག་ཁམས་གསོ་དང་ཁྱད་ལྡན་མི་རིགས་དམངས་སྲོལ་རིག་གནས་མཉམ་འགུལ་ལ་ཞུགས་ནས། བྱིངས་སིམ་རྣམ་པས་མཚོ་སྔོན་གྱི་མཛེས་པ་དང་ཀྲུང་ཧྭའི་རིག་གནས་ལ་མྱོང་རོལ་བྱས།
བྱ་འགུལ་གྱི་སྔ་རྗེས་སུ། ལུའོ་ཏུང་ཁྲོན་གྱིས་སྔ་རྗེས་སུ་རི་ནེ་ཝ་རུ་རྒྱུན་སྡོད་ཀྱི་ཀྲུང་གོའི་གཞུང་ཚབ་པ་ཅཱ་ཀོས་ཏི་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་རྒྱུན་སྡོད་ཀྱི་ཀྲུང་གོའི་གཞུང་ཚབ་པ་ལི་ཡུང་ཧྲ་ལ་ཐུག་འཕྲད་གནང་བ་དང་། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་གཞོན་པ་ཝང་པིན་ཡུན་ལ་ཐུག་འཕྲད་གནང་ལ། རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་དང་། བློ་བཟང་གསོལ་མགྲོན་ཁང་དོ་དམ་སློབ་གླིང་བཅས་ལ་མཛའ་མཐུན་འཚམས་འདྲི་བྱས་ནས། རིམ་པ་རྗེས་མའི་མཉམ་ལས་གཏིང་ཟབ་ཡོང་བར་བསམ་བློ་བརྗེ་རེས་བྱས། །