网站无障碍
མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་གྲུབ་འབྲས་མངོན་གསལ་ཐོབ།
发布时间:2026年06月29日 消息来源:

རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཉེ་བའི་ལོ་ཤས་རིང་། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་སྲུང་སྐྱོབ་ལམ་སྲོལ་དང་གཞི་རིམ་གྱི་འཐབ་ས་དང་པོ་བརྟན་སྲུང་བྱས་པ་དང་། སྐྱེ་ཁམས་སླར་གསོ་དང་། སྐྱེ་དངོས་སྲུང་སྐྱོབ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་མཚོ་སྔོན་པོའི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་འབོར་ཆེན་ཞིག་བརྟན་པོའི་ངང་མང་དུ་ཕྱིན་པ་དང་འཚོ་གནས་ཁོར་ཡུག་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ་གསར་འཛུགས་བྱེད་རིང་། ས་ཁོངས་ཡོངས་སུ་ཁྱབ་པའི་སྐྱེ་ཁམས་སྐོར་ཞིབ་མ་ལག་དང་མཚོ་སྔོན་པོའི་འགྲམ་ངོགས་སུ་གཞིས་ཆགས་པའི་སྐོར་ཞིབ་མི་སྣ་ནི་རབ་མཛེས་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད།

图片

 མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དམ་འཛིན་བྱ་ཆེད། མཚོ་སྔོན་པོའི་ལྗོངས་ཁུལ་བེད་སྤྱོད་སྲུང་སྐྱོབ་དོ་དམ་ཅུས་གསེར་ཆེན་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་དབང་ཆེན་གྱིས། མཚོ་སྔོན་པོ་སྐོར་ཞིབ་དང་། གཙང་པོ་སྐོར་ཞིབ། ས་ཚིགས་སྐོར་ཞིབ། རྩྭ་ཐང་སྐོར་ཞིབ་བཅས“སྐོར་ཞིབ་བཞི”ཡི་དོ་དམ་སྲུང་སྐྱོབ་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། “སྐོར་ཞིབ་བཞི”ཡི་དོ་དམ་སྲུང་སྐྱོབ་མ་ལག་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་གྱུར་བས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མུ་མཐུད་མངོན་གསལ་དོད་དུ་ཕྱིན་ཡོད། མིག་སྔར། མཚོ་སྐོར་སྔོ་ཁེབས་ཀྱི་སྐྱེ་འཚར་དང་སྐྱེ་ཁམས་ཁོར་ཡུག་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་ནས། དགོ་དམར་དང་མཚོ་སྔོན་པོའི་གསེར་ཉ་སོགས་ཀྱི་གྲངས་འབོར་ལྡབ་འགྱུར་འཕར་ནས་སྒོ་ཀུན་ནས་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་ཐུབ་པའི་རྣམ་པ་མངོན་གསལ་དོད་པོ་ཐོན་ཡོད་ཅེས་གསུངས་པ་རེད།

图片

 སྐྱེ་ཁམས་སྲུང་སྐྱོང་པ་ཆོས་སྐྱོང་རྒྱལ་གྱིས་རྩྭ་ར་སྲུང་སྐྱོབ་དང་སྐྱེ་དངོས་སྲུང་སྐྱོབ་ཀྱི་འཐབ་ས་དང་པོར་ཕྱག་ལས་གནང་ནས་ལོ་བཅུ་ལྷག་ཙམ་ཕྱིན་ཡོད། ཁོས2008ལོར་མཚོ་ལྷོ་བོད་རིག་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་སུ་དགོ་དམར་བཅུ་གསུམ་ལས་མེད་པ་དང་སྟོངས་ལ་ཉེ་བའི་གནས་སུ་གྱར་ཡོད། ལོ་མང་རྒྱུན་གཏན་ཅན་གྱི་སྲུང་སྐྱོབ་བྱས་པ་བརྒྱུད། དགོ་དམར་གྲངས་འབོར130ལྷག་ཙམ་བར་མང་དུ་ཕྱིན་ཡོད། ང་རང་ནས་འཐབ་ས་དང་པོ་མུ་མཐུད་བརྟན་སྲུང་གིས་སྐྱེ་ཁམས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ལ་གཞོགས་འདེགས་ཡག་པོ་བྱས་ཐོག མང་ཚོགས་ལ་མཉམ་དུ་མཚོ་སྔོན་པོའི་མཐའ་འཁོར་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་གཞག་གོང་འཕེལ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་གསུངས་པ་རེད།

图片

 བྱེ་གླིང་དོ་དམ་སྲུང་སྐྱོབ་པ་སྟོབས་ལྡན་བཀྲ་ཤིས་ཀྱིས་གཟའ་འཁོར་རེར་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ཐེངས་གཉིས་ནས་གསུམ་བར་བྱེད་ཀྱི་ཡོད། མི་མེད་གནམ་གྲུ་དང་ཆེད་ལས་པར་ཆས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོར་ལྟ་ཞིབ་ཚད་ལེན་བྱེད་པ་དེ་སྲོལ་རྒྱུན་གྱི་སྐོར་ཞིབ་བྱེད་སྟངས་དང་བསྡུར་ན་ཁྱབ་རྒྱ་ཆེ་རུ་དང་ལས་ཕྱོད་ཆེ་རུ་ཕྱིན་ཡོད། ཁོས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་གྱི་རི་ཆུ་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་དུ་བརྩིས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱ་རྒྱུ་ཡིན་ཞེས་གསུངས།

图片

 རྒྱུན་གཏན་གྱི་སྐོར་ཞིབ་ཕུད། རི་སྐྱེས་སྲོག་ཆགས་ཀྱི་འཕྲལ་སྒྲུབ་རོགས་སྐྱོབ་དང་ནད་ཡམས་ཀྱི་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ནི་སྲོག་ཆགས་སྲུང་སྐྱོབ་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། མཚོ་སྔོན་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་སྲུང་སྐྱོབ་ས་ཚིགས་ཀྱི་ནོར་བུ་བསྟན་སྲུང་གིས། ལོ་ལྟར་མཚོ་སྔོན་པོའི་མཐའ་འཁོར་གྱི་སྲོག་ཆགས་ལ་སྐོར་སྲུང་དང་གྲལ་བཤེར་བྱས་ནས་རྨས་སྐྱོན་ཕོག་པའི་སྲོག་ཆགས་སྐྱོབ་བཅོས་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་རྒྱུན་གཏན་ལྟར་བསྒྲུབ་རྒྱུ་ནི་ངའི་ལས་འགན་ཡིན་པས། ངས་རང་ཉིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་ཐོག་མའི་བསམ་འདུན་མི་བརྗེད་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

图片

 གཞི་རིམ་གྱིས་མཉམ་འགུལ་སྲུང་སྐྱོབ་དང་། ལམ་སྲོལ་རྒྱུན་རྣམ་ཅན་དུ་འགྱུར་བ། ཚན་རྩལ་ལ་བརྟེན་ནས་ཕན་ནུས་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་པས། ཕྱོགས་མང་པོའི་ཐད་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞི་བརྟན་དུ་སོང་བ་དང་། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་། སྐྱེ་དངོས་སྲུང་སྐྱོབ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བཅས་ཀྱི་ལས་དོན་གཏིང་ཟབ་ཏུ་སྤེལ་བས། “ཆུ་དང་རྩྭ། ཉ། བྱ། གཅན་གཟན”བཅས་མཉམ་གནས་ཀྱི་སྐྱེ་ཁམས་མུ་རྒྱུན་རིམ་བཞིན་གྲུབ་ཡོད། 2025ལོའི་ལོ་མཇུག་བར་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་དགོ་དམར་གྲངས་འབོར3700ཟིན་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དོད་དུ་སོང་ཡོད་པ་རེད།