ཀྲང་ཧྥེང་རྐང་ཚ་རྫོང་དུ་ཕྱིན་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་སྲིད་འབྲས་ལྟ་བ་ཡང་དག་བཙུགས་ནས་ནུས་ཤུགས་ཡོད་རྒུས་གཙོ་གནད་བྱ་བ་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྐྱིད་སྨོན་ཡུལ་ཚོ་དཔོན་ཚང་གོང་མ་སྡེ་བའི་ནོར་གནག་གསོ་སྤེལ་རྟེན་གཞི་དང་མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བའི་ཕྱུགས་ལས་ནུས་ཆེའི་གསོ་སྤེལ་ས་ཚིགས་སུ་ཀྲང་ཧྥེང་གིས་ཡུལ་དངོས་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ཐོན་ལས་གཉེར་སྐྱོང་གི་ད་ལྟའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཕན་འབྲས་མཐོ་བའི་ཕྱུགས་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། རང་ས་གནས་ཀྱི་སྤུས་ལེགས་ནོར་གནག་དང་བོད་ལུག་གི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་གསོ་སྤེལ་ཐོན་ལས་སྟོབས་ཆེར་གཏོང་དགོས་ཤིང་། ཕན་འབྲས་མཐོ་བའི་གསོ་སྤེལ་དཔལ་འབྱོར་གྱི་རྩིས་ལེགས་པོར་རྒྱག་པ་དང་། འོད་ཤུགས་དྲོད་ལེན་རྣམ་པའི་དེང་རབས་ཅན་གྱི་ཕྱུགས་ཁང་འཚོལ་ཞིབ་དང་ཇུས་འགོད་བྱེད་པ། ནོར་ལུག་བཤས་གཏོང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། སྡེ་མིས་ཁྱིམ་ཚང་མཉམ་འབྲེལ་གཉེར་སྐྱོང་དང་གསོ་སྤེལ་ཁྱིམ་ཚང་ཆེན་པོས་སྐུལ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་མ་གཏོང་དགོས་ལ། གསོ་སྤེལ་ཐོན་ལས་ཀྱི་ནུས་ཕྱོད་མཐོ་རུ་གཏོང་བ་དང་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཕྱུགས་ལས་ཐོན་ལས་སྤུས་ཚད་མཐོ་ཞིང་ནུས་ཆེའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

རྐང་ཚ་རྫོང་གི་ནུས་ཁུངས་གཙང་མའི་དྲོད་རླངས་མཁོ་འདོན་ལས་གཞིའི་དུས་ཐེངས་གསུམ་པའི་ཨར་ལས་ཡུལ་དངོས་སུ་ཀྲང་ཧྥེང་གིས་ཡུལ་དངོས་ནས་བཟོ་སྐྲུན་འཛུགས་སྐྲུན་གྱི་འཕེལ་རིམ་ཧྲིལ་བོར་ལྟ་ཞིབ་བྱས་ཏེ་བདེ་འཇགས་དོ་དམ་ཚོད་འཛིན་དང་དྲོད་རླངས་མཁོ་འདོན་ཡོངས་ཁེབས། འཁོར་སྐྱོད་སྲུང་སྐྱོང་འགན་ལེན་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་གཉིས་དམ་འཛིན་ནན་མོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་ལས་གཞི་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་དུས་མཇུག་གི་འཁོར་སྐྱོད་སྲུང་སྐྱོང་དོ་དམ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་ལྗང་མདོག་དྲོད་རླངས་མཁོ་འདོན་གྱི་དམངས་འཚོའི་དོན་དངོས་ལེགས་པར་སྒྲུབ་དགོས་ཟེར། འོམ་ཆུ་གྲོང་རྡལ་ཆུ་འདམ་མ་ས་ཁུལ་གྱི“བྱང་གསུམ”བཟོ་སྐྲུན་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོའི་ལས་གཞིའི་ས་ཚིགས་སུ་ཀྲང་ཧྥེང་གིས་ཡུལ་དངོས་ནས་སྔོ་ཁེབས་སླར་གསོ་དང་རིས་ཁྲ་བཅོས་སྒྲིག རྩྭ་ཐང་དོ་དམ་སྲུང་སྐྱོབ་བཅས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས་པ་དང་རྩྭ་ཕྱུགས་དོ་སྙོམས་བྱེད་པ། ཕྱུགས་རིགས་བཀག་སྡོམ་བྱ་དགའ་དང་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་གནད་དོན་སྣ་ཚོགས་བཅོས་སྒྲིག་དམ་འཛིན་ནན་མོ་བྱེད་པ། ནགས་རྩྭའི་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་སྲུང་སྐྱོབ་འགན་འཁྲི་རིམ་པ་བཞིན་ནན་དུ་བཏང་ནས་རྩྭ་ཐང་གི་རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་བཏང་སྟེ་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཟེར།

ཀྲང་ཧྥེང་སྔ་རྗེས་སུ་སྐྱིད་སྨོན་ཡུལ་ཚོ་སྲིད་གཞུང་དང་མཚོ་འཁྱིལ་ཡུལ་ཚོ་སྲིད་གཞུང་། ཉིན་ཞྭ་སྡེ་བ། གཡུ་དཀར་འོམ་ལུང་ཡུལ་ཚོ་སྲིད་གཞུང་། ཇོ་སྐོར་ཞོལ་མ་སྡེ་བ་བཅས་སུ་ཕྱིན་ཏེ། ཡུལ་དངོས་ནས་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ཚན་ཁག་བཀོད་སྒྲིག་དང་ལས་བྱེད་པའི་འགན་འཁྲི་སྒྲུབ་ཚུལ། འཚོ་བ་འགན་ལེན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད་གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་གནང་སྟེ་ནན་གྱིས་བསྟན་དོན། སྐབས་གསར་བའི་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ཚན་ཁག་གིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་། ནུས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ། བསམ་བློ་དང་སེམས་ཤུགས་ཡོད་ཚད་ལས་སྒྲུབ་ལས་གཏོད་ཐོག་གཅིག་སྡུད་བྱེད་པ་དང་བྱ་བའི་གཙོ་གནད་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་བཞག་ནས་གྲུབ་འབྲས་དངོས་ལ་བརྟེན་ཏེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་སྡེ་བ་རིམ་པའི་གྲོས་དོན་ཐབས་ཇུས་ཚད་ལྡན་དུ་བཏང་སྟེ། སྡེ་བ་རིམ་པའི་ཐུན་མོང་གི"མ་དངུལ་གསུམ"དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་དང་ཡུལ་སྲོལ་དཔལ་ཡོན། གོམས་སྲོལ་ལུགས་སྒྱུར། འགལ་བ་འདུམ་འགྲིག་སོགས་ཀྱི་བྱ་བར་དམིགས་ནས་སྡེ་སྲོལ་དམངས་ཆིངས་ལེགས་སྒྱུར་དང་། སྡེ་བ་རིམ་པའི་བཅོས་སྐྱོང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྱིམ་ཚང་དུ་བསྐྱོད་དེ། དཀའ་གནད་ཐག་གཅོད་བྱས་ནས་དབུལ་བོར་བསྐྱར་ལོག་སྔོན་འགོག་གི་མཚམས་ཐིག་སྲུང་དགོས། ཁྲོམ་རའི་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། ཕྱུག་འགྱུར་འཇོན་ཐང་ཅན་དང་གསོ་སྤེལ་ཁྱིམ་ཆེན་དེ་སྡེ་བ་རིམ་པའི་ཐོན་ལས་གཉེར་སྐྱོང་དོ་དམ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། དམངས་ཕན་སྲིད་ཇུས་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དང་བདེ་སྐྱིད་ཟ་ཁང་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། གཞི་རིམ་གྱི་དམངས་འཚོ་འགན་ལེན་སྲ་བརྟན་དུ་གཏོང་དགོས། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་དམིགས་ནས་ས་ཁོངས་ཡོངས་སུ་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཏེ། རིགས་སོ་སོའི་མང་ཚོགས་བདེ་འཇགས་ངང་ཞོད་དུས་ལ་བརྒལ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།
