མཚོ་སྔོན་རྐང་ཚས་བློ་སེམས་རྩེ་གཅིག་གིས་དགོ་དམར་ལ་སྲུང་སྐྱོབ་བྱས་ཏེ་སྐྱེ་ཁམས་ལ་གསོན་ཤུགས་བསྣན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞོགས་པའི་སྐྱ་རེངས་མཚོ་སྔོན་པོའི་འགྲམ་ངོགས་སུ་འཕྲོས་ཤིང་། བསིལ་རླུང་འཇམ་པོ་དཔལ་དགེའི་རྩྭ་ཐང་སྟེང་དུ་དལ་བུར་ལྡིང་བཞིན་ཡོད། དགོ་དམར་ཁྱུ་གཅིག་རླུང་རྗེས་དེད་ནས་རྩྭ་ཐང་སྟེང་དུ་རྒྱུག་ཅིང་། ལུས་པོ་མཉེན་ཞིང་མྱུར་བ། ཡངས་ཤིང་རྒྱ་ཆེ་བའི་མཚོ་འགྲམ་གྱི་རྩྭ་ཐང་ལ་གསོན་ཤུགས་གསར་བ་ཞིག་བསྣན་ཡོད།
མཚོ་སྔོན་པོའི་འབབ་རྒྱུན་གྱི་དགོ་དམར་གྱི་ཁྱུ་ཚོགས་འདུས་སྡོད་བྱེད་ས་ཆེ་ཤོས་དང་གྲངས་འབོར་མང་ཤོས་ཀྱི་འཚོ་གནས་བྱ་ཡུལ་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྟོངས་ཉེན་ཡོད་པའི་སྲུང་སྐྱོང་སྲོག་ཆགས་དེ་བསྐྱར་གསོན་བྱུང་བའི་དཔང་པོ་བྱས་ཡོད། དེ་སྔ་སྟོངས་ལ་ཉེ་བ་དང་དཀོན་ཞིང་རྩ་ཆེ་བ། རྗེས་ཤུལ་འཚོལ་དཀའ་བ་ནས་ད་ཆའི་ཁྱུ་དང་ཁྱུ་འཚོ་སྡོད་དང་རང་དབང་སྐྱེ་འཕེལ་བྱུང་བའི་བར“མཚོ་འགྲམ་གྱི་གཅེས་ནོར”དེ་དག་ཕྱིར་ལོག་པ་དང་དར་རྒྱས་བྱུང་ནས། རྐང་ཚ་རྫོང་གི་སྲིད་གཞུང་དང་ཁེ་ལས་མཉམ་འགུལ། དམངས་ཡོངས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།

དགོ་དམར་ནི་མཚོ་སྔོན་པོ་ཁོ་ནར་ཡོད་པའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན་ལ། རང་རྒྱལ་དུ་དམིགས་བསལ་དུ་ཡོད་པའི་སྟོངས་ལ་ཉེ་བའི་རྨིག་ཐོག་སྲོག་ཆགས་ཤིག་ཀྱང་ཡིན། སྐབས་ཤིག་ལ་འཚོ་སྡོད་བྱ་ཡུལ་ཆག་གྲུམ་ཅན་དང་གནས་སྤོ་བྱ་རྒྱུར་འགོག་རྐྱེན་བཟོ་བ། འཚོ་གནས་ཀྱི་བར་མཐོངས་ཆུང་དུ་གཏོང་བའི་དཀའ་ངལ་ལ་འཕྲད་མྱོང་ཡོད། མཚོ་སྔོན་པོར་གཏོགས་པའི་སྐྱེ་ཁམས་གཅེས་ནོར་དེ་སྲུང་སྐྱོང་བྱེད་ཆེད་རྐང་ཚ་རྫོང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཆེད་ལས་ཅན་དང་རྒྱུན་རྣམ་ཅན། ཞིབ་ཚགས་ཅན་བཅས་ཀྱི་གཞུང་ཕྱོགས་སྲུང་སྐྱོང་མ་ལག་བསྐྲུན་པ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་བྱེད་ཐབས་བཙན་པོར་བརྟེན་ནས་དགོ་དམར་འཚོ་གནས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད།
ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས་རྐང་ཚ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས“ས་ཚིགས་གཅིག་གྱུར་འཆར་འགོད་དང་ས་ཁོངས་ཡོངས་སུ་ཁེབས་པ། ཆེད་དོན་མི་སྣས་སྲུང་སྐྱོང་། རྒྱུན་རྣམ་སྐོར་སྲུང”བཅས་ཆ་ཚང་བའི་ཚད་ལྡན་ཅན་གྱི་སྲུང་སྐྱོང་ལམ་སྲོལ་བཙུགས། ལྕགས་དྲས་གནས་སྤོ་བཀག་འགོག་དང་མི་ཕྱུགས་དབར་གྱི་འགལ་བ་སོགས་དཀའ་གནད་གཙོ་བོར་དམིགས་ནས། གགནད་འཁེལ་ཇུས་འདོན་དང་འབེན་གཏད་བཅོས་སྒྲིག་བྱས་ཏེ་ལྕགས་དྲ་བསྒྱུར་བཀོད་དང་ལྕགས་དྲའི་མཐོ་ཚད་ཇེ་དམའ་རུ་གཏོང་བ། གནས་སྤོའི་བགྲོད་ལམ་གསར་སྣོན་བྱས་ཏེ་དགོ་དམར་གྱིས་ཟས་འཚོལ་བ་དང་གནས་སྤོ། ཉེན་གཡོལ་བྱེད་པའི“ཚེ་སྲོག་བགྲོད་ལམ”རྦད་དེ་ཤར་གཏོང་ཐུབ་པར་བྱས། དེ་དང་དུས་མཚུངས་སུ་རྒྱལ་ཡོངས་ཀྱི་དགོ་དམར་ཆེད་གཏོགས་ཚེ་སྲོག་སྲུང་སྐྱོང་བགྲོད་ལམ་ཐོག་མ་གསར་གཏོད་བྱས་ནས། རྒྱལ་ལམ་ལམ་རྒྱུད་དུ་མྱུར་ཚད་ཚོད་འཛིན་མཚོན་རྟགས་དང་འགོག་སྲུང་དྲ་བ་བཙུགས་ནས་དགོ་དམར་གནས་སྤོའི་བདེ་འཇགས་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཏེ་གཅེས་ནོར་རྒྱུག་པའི་ལམ་བུ་ཐོགས་མེད་ཤར་བགྲོད་ཐུབ་ཡོད།

དགོ་དམར་གྱི་གྲངས་འབོར་རྒྱུན་མཐུད་ངང་འཕར་བ་དང་ཆབས་ཅིག་རི་སྐྱེས་སྲོག་ཆགས་དང་འབྲོག་པའི་རྩྭ་ས་བེད་སྤྱོད་དབར་གྱི་འགལ་བ་རིམ་བཞིན་མངོན་གསལ་ཕྱིན་ཡོད། དེར་བརྟེན་རྐང་ཚ་རྫོང་གིས་སྐྱེ་ཁ་གསབ་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས“གནོད་སྐྱོན་བྱུང་ཚེ་ཁ་གསབ་དང་གནད་ལ་འཁེལ་བའི་རོགས་སྐྱོར”བྱེད་པའི་རྣམ་པ་ཁྱབ་གདལ་བཏང་བ་དང་། 2023ལོའི་ཚུན་རིམ་རྩིས་བྱས་ན་དགོ་དམར་གྱི་འཚོ་སྡོད་བྱེད་ཡུལ་གྱི་འབྲོག་པར་གཟན་རྩྭ་ཏུན200ལྷག་བྱིན་ནས་མང་ཚོགས་ཀྱི་རྩྭ་སའི་ཟད་གྲོན་དང་གསོ་སྤེལ་གྱོང་གུན་གསབ་པ། དྲོད་ཁོལ་ལྡན་པའི་སྲིད་ཇུས་ཀྱིས་སྲུང་སྐྱོབ་ཀྱི་སེམས་ཁྲལ་སེལ་བ་དང་མང་ཚོགས་ཀྱི་སྒུལ་ནུས་འཕེལ་བར་བྱས་ཡོད། དེ་ལས་གཞན་ད་དུང་ས་གནས་དེའི་རྒྱུན་རྣམ་ཅན་གྱི་སྒོ་ནས་རི་སྐྱེས་སྐྱེ་དངོས་རིགས་ལ་ལྟ་ཞིབ་ཚད་ལེན་དང་། རྨས་སྐྱོན་ཕོག་པར་རོགས་སྐྱོབ། འཚོ་གནས་ཁུལ་གྱི་སྔོ་ཁེབས་ཉམས་གསོ་བཅས་ཀྱི་ལས་དོན་སྤེལ་བ་དང་ཆབས་ཅིག་དགོ་དམར་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་གཉེར་སྐྱོང་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དེ་དོ་དམ་སྲུང་སྐྱོང་རྐྱང་པ་ནས་ཚན་རྩལ་ཁྱབ་གདལ་གྱི་ནུས་པ་ལྡན་ལ་དམངས་ཡོངས་ཀྱི་དྲིལ་བསྒྲགས་སློབ་གསོའི་བར་སྣུར་སྲིང་ཐུབ་པར་བྱས་ཡོད།
གལ་ཏེ་གཞུང་ཕྱོགས་ཀྱི་ལམ་སྲོལ་ནི་གཅེས་ནོར་སྲུང་སྐྱོང་བྱེད་པའི“འདེགས་སྐྱོར་བཙན་པོ”ཞིག་རེད་ཅེས་བརྗོད་ཚེ་ས་གནས་དེའི་འབྲོག་པས་རང་འགུལ་ངང་བརྟན་སྲུང་བྱེད་པ་ནི་དྲོ་སྐྱིད་ལྡན་པའི“ལྟ་སྲུང་འཇམ་པོ”ཞིག་རེད། རྐང་ཚའི་རྩྭ་ཐང་གི་མཚོ་འགྲམ་དུ་འབྲོག་པ་མང་པོ་ཞིག་གིས་ཕྱུགས་འཚོ་མཚམས་བཞག་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་རྩྭ་ཆུར་བསྟེན་པའི་ཕྱུགས་རྫི་ཞིག་ནས་ཚེ་སྲོག་སྲུང་སྐྱོང་བྱེད་མཁན“དགོ་སྲུང་ཕོ་ཉ”ཞིག་ཏུ་གྱུར་ཏེ་དམངས་ཡོངས་ཀྱིས་དགོ་དམར་སྲུང་སྐྱོང་བྱེད་པའི་བརྩེ་སེམས་མཚོན་པའི་གཏམ་རྒྱུད་ཅིག་འབྲི་བཞིན་ཡོད།

དཔལ་དགེ་གྲོང་རྡལ་གྱི་འབྲོག་པ་འབྲུག་རྩེ་འབུམ་དང་བསོད་ནམས་ཚེ་རིང་གཅེན་གཅུང་གཉིས་ནི་དམངས་ཁྲོད་དགོ་སྲུང་དཔུང་ཁག་ཁྲོད་ཀྱི་དཔེ་མཚོན་འཐུས་མི་ཞིག་རེད། 2016ལོ་ནས་བཟུང་མི་གཉིས་ཀྱིས་རང་འགུལ་ངང་རིན་མེད་དགོ་སྲུང་སྐྱོང་གི་ལམ་བུ་བཏོད་དེ་ལོ་འཁོར་མོར་མཚོ་འགྲམ་རྩྭ་ཐང་དུ་སྐོར་སྲུང་བྱེད་པར་འགྲོ་བཞིན་ཡོད་ལ། རིམ་རྩིས་བྱས་ན་སྐོར་སྲུང་ལམ་ཚད་སྤྱི་ལེ་ཁྲི་ཙམ་ཟིན་པ་དང་སྐོར་སྲུང་ཐེངས་གྲངས300ལྷག་བྱས་པ་རེད། ཆུར་ལྷུངས་ནས་འཁྱགས་པ་ཐེབས་པ་དང་རྨས་སྐྱོན་ཕོག་ནས་ལུས་པ། ཉམ་ཆུང་ཁེར་རྐྱང་དུ་ལུས་པའི་དགོ་དམར་ལ་འཕྲད་སྐབས་ཁོང་ཚོས་དུས་ཚོད་དང་པོར་རོགས་སྐྱོབ་བྱས་ནས་སེམས་ནུས་ཡོད་རྒུས་གསོ་བ་དང་ལྟ་རྟོག་བྱས་ཏེ་དྲག་སྐྱེད་བྱུང་རྗེས་ཕྱིར་རང་བྱུང་ཁམས་སུ་གཏོང་གིན་ཡོད། ལོ་མང་པོའི་རིང་རྒྱུན་འཁྱོངས་བྱས་པ་བརྒྱུད་གཅེན་གཅུང་གཉིས་ཀྱིས་རིམ་རྩིས་བྱས་ན་དགོ་དམར86ལ་རོགས་སྐྱོབ་བྱས་ལ། དགོ་ཕྲུག་གསོན་ཚད100%ཟིན། ཁོང་ཚོས་ལག་ལེན་ངོ་མའི་ཐོག་ནས་ཉིན་ཐོག་ཟླ་བརྩེགས་ཀྱིས་བརྟན་སྲུང་བྱས་ཏེ་སྟོངས་ཉེན་ཡོད་པའི་ཚེ་སྲོག་ལ“སྲུང་གདུགས”ཀྱི་ནུས་པ་ཐོན་ཡོད།
དེང་སྐབས་ཀྱི་རྐང་ཚ་ནི། དགོ་དམར་སྲུང་སྐྱོབ་སྔ་མོ་ནས་རྩྭ་ཐང་སྟེང་གི་དར་སྲོལ་གསར་བ་ཞིག་ཏུ་གྱུར་ཡོད། འབྲོག་པ་ཚོས་རང་འགུལ་ངང་རང་ཁྱིམ་གྱི་ལྕགས་དྲ་ལེན་པ་དང་རྩྭ་སའི་བཀོད་པ་ལེགས་སུ་བཏང་ནས་རང་དགར་གཟན་འཚོལ་བའི་དགོ་དམར་ལ་འགྲོ་འོང་བྱེད་ཡུལ་བཞག་པ་དང་། རྒྱུན་དུ་ཕྱུགས་འཚོ་བའི་ལམ་བར་དུ་མི་ཚང་མ་ནི“འཁོར་བསྐྱོད་ལྟ་ཞིབ་པ”ཡིན་པས། རྨས་སྐྱོན་ཕོག་པ་དང་དཀའ་ངལ་འཕྲད་པའི་དགོ་དམར་དུས་ཐོག་ཏུ་གོང་ཞུ་དང་རང་འགུལ་ངང་སྐྱོབ་རོགས་བྱས་པས། དགོ་དམར་དཀྲོག་པའི་སྣང་ཚུལ་གཏན་ནས་མཐོང་རྒྱུ་མེད། མི་སྒེར་རང་འགུལ་ནས་ཚོགས་སྤྱིའི་རང་རྟོགས་སུ་གྱུར་ནས། མཚོ་འགྲམ་གྱི་འབྲོག་པ་རྣམས་ཀྱིས་ཆེས་བབ་ཆགས་པའི་བསམ་པ་བཟང་པོས་མཐའ་འཁོར་གྱི་སྐྱེ་ཁམས་གཅེས་ནོར་སྲུང་སྐྱོབ་བྱས་ཏེ། རྩྭ་ཐང་ཡོངས་སུ་ཁྱབ་པའི་དམངས་ཁྲོད་སྲུང་སྐྱོབ་དྲ་བ་ཞིག་བཙུགས་པ་རེད།

རྩྭ་སྔོན་ལོ་ལྟར་ལྗང་ལ་དགོ་དམར་གྱི་གྲངས་ཀ་ལོ་ལྟར་འཕེལ། ལོ་བཅུ་ལྷག་གི་རིང་ལ་ཞིབ་ཚགས་ངང་སྲུང་སྐྱོང་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་དགོ་དམར་ཁྱུ་ཚོགས་ཀྱི་གྲངས་འབོར300མ་ཟིན་པ་ནས3000ལྷག་བར་སླར་གསོ་བྱུང་ནས་སྟོངས་ལ་ཉེ་བའི་སྲོག་ཆགས་དེ་ལྡོག་འཕར་བྱུང་ཡོད། དགོ་དམར་གང་འདོད་དུ་རྒྱུགས་པ་ནི་རྐང་ཚའི་སྐྱེ་ཁམས་ལ་རྟོག་ཞིབ་བྱེད་པའི་ཆེས་མཛེས་པའི་མཆན་འགྲེལ་ཡིན། མཚོ་འགྲམ་གྱི་རྩྭ་ཐང་དེར་ཡང“རི་སྐྱེས་སྲོག་ཆགས་རང་དགར་རྒྱུ་བ་དང་འབྲོག་པ་མང་ཚོགས་བདེ་བར་གནས་པ། སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི”འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད།