网站无障碍
མཚོ་བྱང་རྐང་ཚས་ཟ་ཁང་ཆུང་ཆུང་གིས་དམངས་ཚིས་ཆེན་པོ་ཁུར། ཐབ་ཀའི་དྲོད་ཁོལ་གྱིས་མཐུན་སྒྲིལ་གྱི་སེམས་པ་སྦྲེལ།
发布时间:2026年07月08日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེགཞི་རིམ་དམངས་ཚིས་ཞབས་ཞུ་སྤེལ་བ་དང་། “བཅུ་ཡོད་ཟུང”གི་ལས་གྲྭར་བརྟེན་ནས་མཁར་གྲོང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་དང་འཁོར་སྐྱོད་ལ་ཡོངས་སུ་སྐུལ་འདེད་བཏང་། གཏན་འཁེལ་ཟ་ཁང་གིས་དམངས་ཕན་འགན་སྲུང་དང་འཁོར་རྒྱུག་ཟ་ཁང་གིས་ཞབས་ཞུ་རྒྱ་བསྐྱེད་བཏང་། ཏང་ཡོན་ཆ་སྒྲིག་གནད་འཁེལ་རོགས་སྐྱོར་བཅས་ཀྱི་དངོས་སྣང་རྣམ་པའི་ཞབས་ཞུབརྒྱུད་དེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ་དུ་ཁེབས་པའི་ཟས་རིགས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་པས། ཟས་དྲོན་མོས་ཕོ་བ་རྒྱགས་ལ། ཞབས་ཞུས་ཡིད་སེམས་དྲོས། མཐུན་སྒྲིལ་གྱིས་སེམས་པ་གཅིག་ཏུ་སྦྲེལ་བའི་དམངས་ཚིས་བདེ་སྐྱིད་དེ་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མཁར་ལྷོ་སྡེ་ཁུལ་གྱི་བདེ་སྐྱིད་ཟ་ཁང་དུ་ཐོན་པ་ན། གྱང་ངོས་སུ་ཏང་དར་དམར་པོ་དང“ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པའི་སྦྱར་ཡིག་དམར་པོ་བཀལ་ཡོད་ལ། སྒོ་འགྲམ་གྱིགསལ་པང་གི་སྟེབ་དུ་ཏང་ཡོན་གྱི་མིང་དང་འབྲེལ་གཏུག་ཁ་པར་ཨང་གྲངས་གསལ་བོར་བཀོད་ནས་བྱ་བ་སྒྲུབ་པར་ཡོང་མཁན་མང་ཚོགས་ལ་གསལ་པོར་བསྟན་ཡོད། ཟ་ཁང་དེའི་འགྲམ་ནདམངས་བདེ་སྨན་བཅོས་ཁང་ཡོད་པས། རྒན་རྒོན་ཚོས་ཟ་མ་ཟ་བ་དང་སྨན་བཅོས་བྱེད་པ་སྟབས་གཅིག་དུ་ཐག་གཅོད་བྱས་ཏེ། སྨན་བཅོས་ཞབས་ཞུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱས་ཡོད། ཅིན་ཧྥBཁུལ་དུ་གཅིག་པུར་སྡོད་མཁན་རྒན་མོ་བསྟན་ལགས་ནི། བུ་ཕྲུག་ཕྱི་ཕྱོགས་སུ་ལས་ཀར་ཕྱིན་པས་ལྟ་སྐྱོང་བྱེད་མཁན་མེད་པ་དང་ཟ་མ་ཟ་དཀའ་བའི་རྐྱེན་གྱིས་གནས་སྤོ་བྱེད་རྒྱུའི་བསམ་ཚུལ་ཡོད་མྱོང་། 2025ལོར། མཁར་ལྷོ་སྡེ་ཁུལ་གྱིས“བདེ་སྐྱིད་ཟ་ཁང”བསྐྲུན་རྗེས། ཁོང་གི་འཚོ་བར་འགྱུར་ལྡོག་བྱུང་ཡོད། འཚོ་བཅུད་ཟས་སྦྱོར་པས་དུས་ཚིགས་དང་བསྟུན་ནས་ཞིམ་མངར་ལྡན་པའི་ཟས་རིགས་བཀོད་སྒྲིག་བྱེད་པ་དང་། ལོ80ཡན་གྱི་ལོ་ལོན་ཚོས་རིན་མེད་ངང་ཟ་ཆོག་པ། འགྲོ་འོང་བྱེད་མི་དགོས་པར་ཚ་ལུམ་ལུམ་གྱི་ཟ་མ་ཟ་ཐུབ། “སྔོན་ཆད་ཟས་ཐུན་རེ་ཟ་ཐབས་ཙམ་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་སྒོ་འགྲམ་དུ་བདེ་སྐྱིད་ཟ་ཁང་འདི་འདྲ་ཞིག་བཙུགས་པ་དང་། ཟས་རིགས་ལ་ཤ་དང་སྔོ་ཚལ་གཡོས་སྦྱོར་བྱས་པས་ཟོས་ན་ལྟོ་བར་བདེ་ཞིང་ཉོས་ན་རིན་གོང་བདེ། འདི་ནི་ཏང་དང་སྲིད་གཞུང་གིས་ང་ཚོ་མང་ཚོགས་ཀྱི་ཆེད་དུ་སྒྲུབ་པའི་བྱ་བ་ཡག་པོ་ཞིག་རེད”རྒན་མོ་བསྟན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

རྨང་གཞིའི་ཟ་མའི་རོགས་སྐྱོར་ཞབས་ཞུ་ཙམ་གྱིས་མི་ཚད་པར་རྐང་ཚ་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་གྱི“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་སྟེ། བདེ་སྐྱིད་ཟ་ཁང་དེ“ཟ་མ་རྐྱང་བ”ནས“ཕྱོགས་ཡོངས་ཀྱི་སེམས་དྲོད་ཞབས་ཞུའི”ཕྱོགས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཁེར་སྡོད་དང་ལོ་ན་མཐོ་བ། འགྲོ་སྐྱོད་སྟབས་བདེ་མིན་པའི་དམིགས་བསལ་རྒན་རྒོན་ཚོགས་སྤྱིར་དམིགས་ནས་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ་ཟ་མ་ཁྱིམ་དུ་བསྐྱལ་བ་དང་། དངོས་ཟོག་ཉོ་སྒྲུབ་སོགས་སེམས་དྲོད་ཞབས་ཞུ། ཞབས་ཞུ་ས་ཚིགས་ཁག་གིས་ཟ་མ་གཡོས་སྦྱོར་བྱེད་པའི་བརྒྱུད་རིམ་དང་ཞབས་ཞུའི་འཕེལ་ཕྱོགས་ལ་ཐོག་མའི་གཞི་ཁྱོན་ཆགས་ཡོད། འོམ་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་ཡོན་གྱིས་སྒོ་ཉུལ་ནས་བཅར་འདྲི་བྱེད་པའི་བྱ་སྤྱོད་སྤེལ་བ་དང་ཆ་སྒྲིག་ཏང་ཡོན་གྱིས་ཁེར་སྡོད་རྒན་རྒོན་གྱི་རྒྱུན་ལྡན་འཚོ་བའི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་རོགས་སྐྱོར་བྱས་ཏེ་བདེ་སྐྱིད་ཟ་ཁང་གི་ཟ་མ་མངགས་ཉོའི་གྲངས་གཞིའི་འགུལ་རྣམ་ལ་བརྟེན་ནས་རྒན་རྒོན་འདུག་སའི་གནས་ཁོང་དུ་ཆུད་པར་བྱས་ཏེ་ཁེར་སྡོད་རྒན་རྒོན་གྱི་བདེ་འཇགས་སྲུང་སྐྱོང་དྲ་བ་ཇེ་བརྟན་དུ་བཏང་།

མཚོ་འཁྱིལ་ཡུལ་ཚོ་ཡག་སྨོན་སྡེ་བའི་འཁོར་སྐྱོད་ཀྱི“བདེ་སྐྱིད་ཟ་ཁང”ནང་དུ་དྲོད་ཁོལ་འཁྱིལ་ཞིང་དགོད་སྒྲས་ཁེངས། འཁྲུག་ཆ་དོད་ཅིང་བཀྲ་ཤིས་པའི་རྣམ་པ་ཞིག་མངོན་འདུག དེ་རིང་སྡེ་བས“མི་རིགས་མཐུན་སྒྲིལ་བུམ་པ”ཞེས་པའི་དམངས་སྲོལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་ཡོད་ལ། འཁོར་སྐྱོད་ཀྱི“བདེ་སྐྱིད་ཟ་ཁང”དེ་དམངས་སྲོལ་གསོལ་སྟོན་སྤེལ་ཡུལ་དུ་གྱུར་ཏེ། ཕྱོགས་གང་སར་མི་རིགས་ཀྱི་ཁྱད་ཆོས་དང་དམངས་སྲོལ་གྱི་རྣམ་པ་སྟུག་པོས་ཁེངས་འདུག

 མིག་གིས་མདུན་ཕྱོགས་སུ་བལྟས་ཚེ། ལག་ཤེས་བཟོ་རྩལ་གྱི་དམངས་སྲོལ་དངོས་རྫས་རེ་རེ་བཞིན་བཀོད་སྒྲིག་བྱས་ཡོད། རྩམ་པས་བཟོས་པའི་ཁྱད་ཆོས་ལྡན་པའི་བག་ལེབ་དང་མར་གྱིས་བཟོས་པའི་སྦྲ་གུར་དང་པད་མའི་མེ་ཏོག ནོར་རྩིད་ཀྱིས་བཟོས་པའི་ཏ་ལེན་དང་སྲབ་མདའ་སོགས་ཡོད། བརྩམས་ཆོས་རེ་རེས་ས་གནས་འདིའི་དམངས་སྲོལ་གྱི་ཉམས་འགྱུར་མཚོན་ཡོད། སྡེ་མི་ཚོས་མི་རིགས་ཀྱི་གཟབ་མཆོར་གྱོན་པ་དང་གྱོན་ཆས་རླུང་གིས་སྐྱོད་བཞིན་ཡོད། རྒན་རྒོན་ཚོ་མཐའ་འཁོར་དུ་བསྡད་ནས་ཁ་བརྡ་བྱེད་པ་དང་ཁྱིམ་མཚེས་རྣམས་མཉམ་དུ་འཛོམས་པས་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་མངོན་ཡོད། འཁྲིས་ཀྱི་ཐབ་ཀའི་སྟེང་དུ་ལུག་ཤ་སླ་ངའི་ནང་དུ་ལྷོག་ལྷོག་ཏུ་བདུ་བཞིན་ཡོད་ལ། རླངས་པ་ཐོལ་ཐོལ་དུ་འཕྱུར་ཞིང་ཤ་དྲི་ཞིམ་པོ་ཕྱོགས་བཞིར་འཐུལ་བས་དྲོད་སྐྱིད་ཀྱི་སྣང་བ་ཞིག་སྟེར། ཏང་ཡོན་དང་བླངས་པ་ཚོས་རང་རང་གི་ལས་བགོས་གསལ་ཞིང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། མི་རྣམས་པགས་གདན་ཀྱི་གདན་སྟེང་དུ་བསྡད་དེ། ལ་ལས་ཁྲག་རྒྱུ་སྒྲིལ་ཞིང་ལ་ལས་ཙོང་གཏུབ་པ། ལ་ལས་ཤ་གཏུབ་པ་བཅས་ཀྱིས“བདེ་སྐྱིད་ཟ་ཁང”ཡོངས་སུ་དྲོད་ཁོལ་གྱིས་ཁེངས་ཤིང་། མི་རིགས་སོ་སོའི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་མཐུན་ཞིང་དགའ་སྤྲོའི་མཉམ་འཛོམས་བྱས་པས་མཛེས་སྡུག་ལྡན་པའི་རི་མོ་ཞིག་བྲིས་ཡོད།

 རྐང་ཚ་རྫོང་གིས་བདེ་སྐྱིད་ཟ་ཁང་དེ་དམངས་ཚིས་ཞབས་ཞུའི་རྟེན་གཞིར་བྱས་ནས་བཟའ་བཏུང་རོགས་སྐྱོར་གྱི་ཚད་གཞི་ལས་བརྒལ་ཏེ་སྨན་བཅོས་ཞབས་ཞུ་དང་རྩོད་གཞི་འདུམ་འགྲིག རིག་གནས་རོལ་རྩེད་སོགས་ཀྱི་ཞབས་ཞུ་སྣ་མང་མཉམ་དུ་སྤེལ་ནས་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་གྱིས“ཟླ་རེར་ལུག་རེའི”སེམས་དྲོད་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ཏེ། བཟའ་བཏུང་ཞབས་ཞུ་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཉལ་ཆས་ཟས་གོས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། སེམས་པ་དྲོ་བའི་དོན་དག་རེ་རེ་བཞིན་དོན་འཁྱོལ་བྱུང་བ་དང་། བརྩེ་སེམས་ལྡན་པའི་རྣམ་པ་རེ་རེ་ཡིས་མི་ཡུལ་གྱི་འཚོ་བའི་བདེ་སྐྱིད་ཀྱིས་ཁེངས་ཤིང་། དོན་དངོས་ཐོག་ལས་བྱེད་པ་དང་མང་ཚོགས་བར་གྱི་བར་ཐག་ཇེ་ཉེར་བཏང་བ་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཇེ་ཟབ་ཏུ་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་ནས་བརྟན་ལྷིང་དང་བདེ་སྐྱིད་ཀྱི་ཚོར་ལ་དྲོད་སྐྱིད་ཀྱང་ཚོར་ཐུབ་པར་བྱས་ཡོད།