ཞོགས་པའི་ཇ་ཡུན་གསར་འགྱུར།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྨང་གཞི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་སློབ་གསོ་བྱ་བའི་ཁ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་རྨང་གཞི་སློབ་གསོའི་སྤུས་ལེགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་པ་བསྟན།
➤《ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་བསྐྲུན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》དང《ནགས་ལས་རྩྭ་ཐང་སྲུང་སྐྱོང་དང་བེད་སྤྱོད་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》ཚེས22ཉིན་ཁྱབ་བསྒྲགས་བྱས།
➤ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི12.1ཙམ་སླེབས་པ་དང་། དེ་དུས་མཚུངས་ལས4.7%འཕར་ཡོད།
➤ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར341.7སླེབས་པ་དང་། དེ་དུས་མཚུངས་ལས1.2%འཕར་ཡོད།
➤མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི695གསར་དུ་ལས་ཞུགས་ཐུབ་ཡོད།
➤རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུས་བརྡ་ཐོ་བཏང་སྟེ། 2022ལོ་ནས2024ལོ་བར་སྐྱེས་པའི་ཕྲུ་གུའི་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་ཐོག་མ་རེ་ཞུ་བྱེད་པའི་མཚམས་འཇོག་དུས་ཚོད་དེ2026ལོའི་ཟླ12པའི་ཚེས31ཉིན་བར་རིང་དུ་བཏང་།
➤འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2030ལོར་སླེབས་སྐབས90%ཡན་གྱི་འགག་སྒོར་རིག་ནུས་ཞིབ་བཤེར་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་དང་། ཚོར་སྣང་མེད་པའི་འགག་སྒྲོལ་དེ་རྒྱུན་རྣམ་དུ་འགྱུར་རྒྱུ་རེད།
➤བཟོ་འཕྲིན་པུས་བརྡ་ཐོ་བཏང་ནས་རྒྱལ་ཁབ་རིམ་པའི་ཐཱན་མེད་པའི་བཟོ་གྲྭའི(ཐཱན་མེད་རྩིས་རྒྱག་སྒྲིག་ཆས་ཚུད་པ)འཛུགས་སྐྲུན་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།

➤ཀྲུང་གོའི་མཚོ་དམག་གི“བཀྲ་ཤིས་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་དེ་ཚེས22ཉིན་ཧྲན་ཏུང་ཆིང་ཏའོ་དམག་དོན་གྲུ་ཁ་ནས་ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡ་ལྷོ་མར་བསྐྱོད་དེ“ཞི་མཐུན་འགན་འཁྲི-2026”ལས་འགན་བསྒྲུབ་རྒྱུ་རེད།
སྤྱི་ཚོགས།
➤ས་གནས་ཁག་གིས་ད་ལོ་བསྡུས་པའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྲི5.3ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་ཤིན་ཅང་དང་། བོད་ལྗོངས། ཀུའེ་ཀྲོའུ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་ཕྱིན་པ་རེད།
➤ཚེས21ཉིན། ཤིན་ཅང་ཐུའུ་ལུའུ་ཧྥན་དུ་གནས་པའི་ཨའེ་ཏིང་མཚེའུ་ས་ཚིགས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ50སླེབས་ཤིང་། དེ་ནི་ད་ལོ་རིང་གི་རྒྱལ་ཁབ་རིམ་པའི་གནམ་གཤིས་ས་ཚིགས་ཀྱི་དྲོད་ཚད་མཐོ་ཤོས་ཡིན་པ་རེད།
➤ཚེས22ཉིན། རྒྱང་སྐྱོད་ནང་ཞུགས་མྱོང་བའི་བུད་མེད་དམར་དམག་འཐབ་འཛིང་པ་ཝང་ཆོན་དབྱིང་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ105ཡིན།

➤རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྒྱུད་འདྲེས་ཆུ་འབྲས་འདེབས་གསོའི་ཁྱབ་ཁོངས་སུ་འཕེལ་རྒྱས་གལ་ཆེན་བྱུང་བ་སྟེ། ཁུ་ལོན་གྱི་ལས་ཕྱོད་བརྟན་པོའི་ངང99%ལས་བརྒལ་བ་དང་། སྲ་བརྟན་དང་རྦད་དེ་རྒྱུན་གཏན་གྱི་རྒྱུད་འདྲེས་ཆུ་འབྲས་ཤིག་ཞིབ་འཇུག་གསར་སྤེལ་བྱས་པས་ཚོགས་པས་དེར“ཚན་ཁག་དང་པོ”ཞེས་མིང་བཏགས།
➤རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཅུ་ཀྲང་གཞོན་པ་ལི་ཁྲུན་ལེའང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ལི་ཁྲུན་ལེའང་ལ་ཚེ་གང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།
➤ཉེ་ཆར། རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོའི་ལྗིད་ཐེག་རིག་ནུས་ཕུབ་གཟུགས་ཀྱི་གྲི་བརྗེ་བའི་འཕྲུལ་མིས་གནོན་ཤུགས་ལྡན་པའི་གྲི་བརྗེ་བའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ལས་གནས་སུ་བསྐྱོད།
➤ཀན་སུའུ་ཏུན་ཧོང་གྲོང་ཁྱེར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ལོ་མཇུག་ཏུ་ཏུན་ཧོང་གྲོང་ཁྱེར་གྱི་ས་འོག་ཆུ་གནས་དེ2024ལོའི་ལོ་མཇུག་དང་བསྡུར་ན་སྨི0.04འཕར་ཡོད། འདི་ནི2010ལོ་ནས་བཟུང་ཏུན་ཧོང་གྲོང་ཁྱེར་གྱི་ས་འོག་ཆུ་གནས་ཐོག་མར་མར་ཆག་ཚད་བཞག་ནས་འཕར་བ་རེད།
➤པེ་ཅིང་སྲོག་ཆགས་གླིང་གི་དོམ་ཁྲའི་འགྲེམ་ཁང་གསར་པ་ཉེ་ཆར་སྒོ་འབྱེད་པ་དང་། “མོང་ལན”དང“པའེ་ཐེན”སོགས་དོམ་ཁྲ5ཁྱིམ་ཚང་གསར་པ་ནས་གནས་སྐོར་བ་དང་མཇལ་རྒྱུ་རེད།
དོ་སྣང་།

➤ཉེ་ཆར། 《ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་ལེན་གྱི་གནས་སྐབས་ལག་བསྟར་གཏན་འབེབས》ལག་བསྟར་བྱས་པ་རེད། རང་རྒྱལ་གྱི་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་ཁེ་དབང་འགན་ལེན་ཚད་ལྡན་དུ་གཏོང་བའི་སྒྲིག་སྲོལ་ཐོག་མ་ཡིན་པའི་ཆ་ནས་གཏན་འབེབས་དེས་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ལ་གནད་སྨིན་ངང་ལན་བསློགས་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་བརྗོད་སྤེལ་དོན། མི་སྤྱོད་ཚན་པའི་ངོས་ནས་བརྗོད་ན། བཅའ་ཁྲིམས་ཀྱི་མཐའ་ཚད་ནན་སྲུང་བྱས་ཏེ་ལས་མི་བཀོལ་སྤྱོད་ཚད་ལྡན་དང་རང་འགུལ་ངང་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་དོན་འཁྱོལ་བྱེད་དགོས། འབྲེལ་ཡོད་ཁྲིམས་འཛིན་སྡེ་ཚན་གྱི་ངོས་ནས་བརྗོད་ན། སྒྲིག་འགལ་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པར་བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཁེ་དབང་རོགས་སྐྱོབ་བྱ་རྒྱུར་ཡང་དོ་སྣང་བྱེད་དགོས། ངལ་རྩོལ་རེ་རེ་མཐོང་རིན་ཡོད་པ་དང་། ངལ་རྩོལ་པ་རེ་རེའི་ཁྲིམས་མཐུན་ཁེ་དབང་ཚང་མར་ཁས་ལེན་དང་སྲུང་སྐྱོང་བྱ་དགོས།
འཚོ་བའི་ཞབས་ཞུ།
➤གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཧྲན་ཤིའི་ལྷོ་ནུབ་རྒྱུད་དང་། ཧོ་པེའི་ལྷོ་རྒྱུད། ཧྲན་ཏུང་གི་ནུབ་རྒྱུད། ཧོ་ནན་གྱི་བྱང་རྒྱུད། ཨན་ཧུའེ་ཡི་ཤར་རྒྱུད། ཅང་སུའུ་ཡི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ་བཅུ་ཡན་གྱི་ཐོག་རྒོད་རླུང་ཆེན་ཡོད་པ་དང་། རླུང་ཤུགས་ཆེ་ཤོས་རིམ་པ་བཅུ་གཅིག་ཡན་སླེབས་རྒྱུ་རེད། ས་ཁུལ་ཁ་ཤས་སུ་རླུང་ནག་འཚུབ་མ་གཡུག་པའི་གནམ་གཤིས་འབྱུང་ཉེན་ཆེ།
➤ཐེན་ཅིན། ཟླ7པའི་ཚེས21ཉིན་ནས་ཟླ8པའི་ཚེས26ཉིན་བར་ཐེན་ཅིན་སློབ་ཆེན་གྱིས་སློབ་གྲྭའི་སྒོ་འབྱེད་ཁྱབ་ཁོངས་་རྒྱ་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་སློབ་མ་རང་ཉིད་ཀྱི་སློབ་མའི་ལག་ཁྱེར་དང་ཁྱིམ་བདག་གིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་སྔོན་མངགས་བྱེད་མི་དགོས་པར་སློབ་གྲྭར་བསྐྱོད་ཆོག
➤དྲན་རྟེན་དངུལ་ལོ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས27ཉིན་པེ་ཅིང་གི་དཀྱིལ་འཁོར་ཐིག་གི་གསེར་དངུལ་གྱི་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམ་སྤེལ་བྱ་རྒྱུ་གཏན་འཁེལ་བྱས།