ཞོགས་པའི་ཇ་ཡུན་གསར་འགྱུར།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

➤ཟླ7པའི་ཚེས28ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་ལོ་ཝ་ཁེའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་གྲོས་མོལ་གནང་བ་རེད།
➤ཞིས་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ཕྱིར་སྡོད་རང་མིའི་སེམས་ཤུགས་དེ་བས་གཅིག་སྒྲིལ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་གཏོང་དགོས་ཟེར།
➤ཀྲུང་དབྱང་དམག་ཨུའི་རྒྱབ་ཕྱོགས་མཁོ་སྒྲུབ་པུ་སོགས་སྡེ་ཁག་དྲུག་གིས་ཉིན་ཤས་གོང《དམག་དཔུང་དང་འབྲེལ་བ་ཡོད་པའི་དམག་ཁོངས་ཕྱིར་འཐེན་བྱས་ནས་བེད་མེད་དུ་གཏོང་བའི་སྒྲིག་ཆས་ཕྱིར་འཚོང་བྱེད་སྒོ་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།
➤ཚེས28ཉིན་ཚོང་དོན་པུས《“ཐོན་ནུས་ལྷག་ཐལ་ཆེ་བའི”གནད་དོན་ཟེར་བའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཁྱབ་བསྒྲགས་བྱས་ནས་འབྲེལ་ཡོད་དོན་དངོས་གསལ་འདོན་བྱས་པ་དང་། “ཐོན་ནུས་ལྷག་ཐལ་ཆེ་བའི”འབྲེལ་ཡོད་གནད་དོན་ཟེར་བའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་ལངས་ཕྱོགས་གསལ་བཤད་བྱས་ཡོད།
➤ད་ལོའི་ཟླ3པ་ནས་བཟུང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་དུས་ཡུན་ཟླ་བ་གསུམ་གྱི་དུས་ཆེན་དང་། འགྲེམས་སྟོན། གླེང་སྟེགས་སོགས་འབྲེལ་ཡོད་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དང་། མིག་སྔའི་བར་འབྲེལ་ཡོད་ཁྲིམས་འགལ་གྱོད་གཞི197ཞིབ་བཤེར་ཐག་གཅོད་བྱས་པ་དང་བྱེད་པོ476ལ་དག་ཐེར་བྱ་རྒྱུའི་བཀའ་བཏང་བ་རེད།
➤རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ལོ་འཁོར་གྱི་ཁྲལ་འབབ་སྡོམ་རྩིས་ནང་ཁྲལ་འཇལ་མཁན་དུང་ཕྱུར1ལྷག་ཙམ་གྱིས་ཁྲལ་སློག་སྒོར་དུང་ཕྱུར1500ལྷག་ཙམ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་ཡོང་འབབ་དམའ་འབྲིང་ཅན་ལ་ཕན་པ་ཐོབ་ཚད་མཐོ་རུ་ཕྱིན་ཡོད།
➤རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག11གིས་ཉིན་ཤས་གོང་མཉམ་འབྲེལ་ཐོག《སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་འདུ་འགོད་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་པ་རེད།
➤གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་ཨ་སྒོར་དུང་ཕྱུར་ཁ་ཤས་བཏང་ནས་ཨ་མེ་རི་ཁ་དང་། ཨ་ཧྥེ་རི་ཁ། ཨེ་ཤེ་ཡ་བཅས་སུ་ཀྲུང་གོའི་ཉིན་བཞིན་ཆེ་རུ་འགྲོ་བའི་ཤུགས་རྐྱེན་ཐེབས་ཤུགས་ལ་ཁ་གཏད་གཅོག་རྩིས་ཡོད་ཅེས་བཤད་པ་དང་། རང་རྒྱལ་ཕྱི་འབྲེལ་པུའི་མགྲིན་ཚབ་པས་རྒྱལ་ཁབ་དབར་རྒྱུན་གཏན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་རྒྱུན་གཏན་གྱི་མཉམ་ལས་བྱེད་པར་ཕྱོགས་གསུམ་པར་ཁ་གཏད་བྱེད་མི་རུང་ཞེས་བཤད་པ་རེད།
➤ཚེས28ཉིན་གྱི་ཆུ་ཚོད15:27སྟེང་། འཇར་པན་ཅིའུ་ཀྲོའུ་གླིང་ཕྲན(བྱང་གི་འཕྲེད་ཐིག་ཏུའུ32.65དང་ཤར་གྱི་གཞུང་ཐིག་ཏུའུ་130.75)དུ་ས་ཡོམ་རིམ་པ6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10ལ་སླེབས་ཡོད།
སྤྱི་ཚོགས།

➤ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ལི་མདོག་གི་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་བཏང་ནས། ཚེས28ཉིན་གྱི་ཆུ་ཚོད20ནས་ཚེས29ཉིན་གྱི་ཆུ་ཚོད20བར། ཅི་ལིན་དང་། ཧེ་ལུང་ཅང་། ཧུའུ་པེ། སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། ཤིན་ཅང་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད་པའི་ནང་ཅི་ལིན་གྱི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་ལྷོ་རྒྱུད། ཡུན་ནན་ཤར་ལྷོའི་རྒྱུད་བཅས་ཀྱི་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད་པ་རེད།
➤རྒྱ་མཚོའི་རླུང་འཚུབ“ཧུང་ཞ”ཡིས་ཀོང་ཏུང་ལ་བཟོས་པའི་གནོད་འཚེའི་གནས་ཚུལ་ལ་དམིགས་ནས་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པས་རིམ་པ་བཞིའི་འཕྲལ་སྡོམ་དང་ལེན་བྱས་ཏེ། ཀོང་ཏུང་གི་གནོད་འཚེ་ཕོག་ཁུལ་དུ་འཕྲོད་བསྟེན་ཁུག་མ་དང་ཁྱིམ་ཚང་གི་སྐྱོབ་གསོ་སོགས་དངོས་ཟོག2500བྱིན་ནས་ས་གནས་དེ་གའི་གེགས་སེལ་རོགས་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།
➤ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་རིམ་རྩིས་བྱས་ན་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས702ཐག་གཅོད་བྱས་པའི་ནང་། “ཀྲུང་གོའི་དུས་རབས་གསར་པའི་རིག་གནས་འཐབ་ཇུས་ཞིབ་འཇུག་ཁང”དང“ཀྲུང་གོའི་རིག་གནས་སློབ་གསོ་ཞིབ་འཇུག་ལྟེ་གནས”སོགས་ཚུད་ཡོད་པ་རེད།
➤ཚེས28ཉིན། 2026ལོའི་དབྱར་གསེང་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར60ལས་བརྒལ་ཡོད།
➤2026ལོའི་ཟླ6པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད(མདའ)སྡོམ་འབོར་ཁྲི2305.7ཟིན་པ་དང་། དུས་མཚུངས་ལས43.2%འཕར་ཡོད།
➤ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཏོན་ཁྲེང་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཏོན་ཁྲེང་ཀང་ལ་ཚེ་བཙོན་གྱི་ཉེས་ཆད་བཅད་པ་རེད།
➤ཚེས28ཉིན་གྱི་ཆུ་ཚོད11:16དང་། ཆུ་ཚོད11:34 ཆུ་ཚོད16:4བཅས་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་ས་ཡོམ་རིམ་པ5.7དང་། རིམ་པ5.8 རིམ་པ5.0བཅས་བརྒྱབ་པ་རེད།
➤ཚེས23ཉིན་ནས་བཟུང་། ཚེས28ཉིན་གྱི་ཆུ་ཚོད21བར། ཁྲུང་ཆིང་ཕེང་ཧྲུའེ་རི་བོའི་རི་ཉིལ་ནས་རིམ་རྩིས་བྱས་ན་རྐྱེན་ལམ་དུ་ཤོར་བའི་མི30འཚོལ་ཞིབ་བྱས་པ་གཏན་འཁེལ་བྱས་ཡོད། གཞན་ཡང་འཚོལ་ཞིབ་བྱས་འབྲས་ཁག་གཅིགDNAཞིབ་དཔྱད་ཚད་ལེན་བྱེད་བཞིན་ཡོད་པ་རེད།

➤ཉེ་ཆར། ཡུན་ནན་ནན་ཅིན་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཚན་ཞིབ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་ཁུའུ་ཅུའུ་ཐའེ་སྐྱེ་དངོས་རིགས་གསར་པ་ཤེས་རྟོགས་བྱུང་བ་དང་། དེ་ཚང་ཡོན་རྡོའི་ཕྱེ་མ་ལེབ་ཞེས་དངོས་སུ་མིང་བཏགས་པ་རེད།

➤ཧོ་ནན་ཧྲང་ཆིའུ་ཡི་བུ་མོ་ཞིག་སྟབས་མ་ལེགས་པར་ཆུའི་ནང་ལྷུང་བ་དང་། དེའི་ཨ་མ་ཆུའི་ནང་ལྡིང་ནས་སྐྱོབ་ཐབས་བྱས་ཀྱང་གཉིས་ཀ་ཆུ་ནང་ནས་ལུས། ཉེ་འགྲམ་གྱི་གསོལ་མགྲོན་ཁང་གི་ལས་མི་ཝང་ཧན་ལིན་དང་ལི་པིན་གྱིས་ཐོས་རྗེས་རོགས་སྐྱོབ་བྱེད་པར་ཡོང་བ་དང་། མཚོ་འགྲམ་གྱི་ལས་མི་གཞན་དག་གི་རོགས་རམ་འོག་མཉམ་དུ་མ་བུ་གཉིས་ཀ་བསྐྱབས་པ་རེད།
དོ་སྣང་།

➤ཉེ་ཆར། གཅེས་སུ་འོས་པའི་སྲོག་ཆགས་ཆུང་ཆུང་ཁག་གཅིག་གི་གཟུགས་བརྙན་གཙོ་བོར་བྱས་ནས་དོན་དངོས་ཐོག་གཏུམ་སྤྱོད་ཀྱི་ཁྲག་དྲི་བྲོ་བའི་རྣམ་པ་ཡོད་པའི“དུག་ལྡན་འགུལ་རིས”(毒动画)མང་པོ་ལས་སྟེགས་མང་པོར་ཁྱབ་ནས་ལོ་ན་ཆུང་བའི་མི་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད། མི་དམངས་དཔྱད་བརྗོད་ཀྱིས་བསྟན་དོན། “དུག་ལྡན་འགུལ་རིས”ཀྱིས་བྱིས་པར་བསླད་སྐྱོན་གཏོང་བར་དོགས་ཟོན་བྱེད་པར་འབྲེལ་ཡོད་ཕྱོགས་ཁག་འགན་འཁྲི་ཆེན་པོ་ཡོད། ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ཁྱིམ་བདག་དང་ཕྲུ་གུ་ཚོར་དྲན་སྐུལ་བྱས་ཏེ་དོགས་ཟོན་ཆེ་རུ་གཏོང་རོགས་བྱས་ན་གཞི་ནས་དབྱར་གསེང་རིང་ཕྲུ་གུ་ཚོའི་དྲ་རྒྱའི་ཐོག་གི་ཕྱི་ཚུལ་ཅན་གྱི་ནང་དོན་མི་ལེགས་པ་སྣ་ཚོགས་དང་རྒྱང་ཐག་རིང་དུ་གྱེས་ཐུབ། མཉམ་དུ་དབྱར་གསེང་སྐབས་ཀྱི་དྭངས་གཙང་གི་ཁོར་ཡུག་བསྐྲུན་པ་ནི་ཕྲུ་གུ་ཚོའི་མཛེས་སྡུག་ལྡན་པའི་བྱིས་དུས་ལ་སྲུང་སྐྱོང་བྱས་པ་རེད་ཟེར།
འཚོ་བའི་དྲན་སྐུལ།

➤གནམ་གཤིས། དེ་རིང་ཧྲན་ཏུང་གི་ནུབ་རྒྱུད་དང་། ཧོ་ནན། ཧུའུ་པེའི་དབུས་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཀོང་ཏུང་། ཀོང་ཤིས་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་བྱང་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་ལྷོ་རྒྱུད། ཡུན་ནན་བཅས་དང་དེ་བཞིན་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་མཚོ་སྔོན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།
➤ཧྲང་ཧའེ། 2026—2027ལོའི་བར་གྱི་ཧྲང་ཧའེ་ནས་ཡིན་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་སློབ་སྦྱོང་བྱེད་པར་བསྐྱོད་མཁན་སློབ་ཁུངས་ས་ཆའི་སློབ་སྐྱོར་དངུལ་བུན་རེ་ཞུ་བྱེད་འགོ་ཚུགས་པ་དང་། ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད15:00སྔོན་ལ་རེ་ཞུའི་འཇུག་སྒོར་ཐོ་འགོད་བྱས་ནས་དྲ་ཐོག་ནས་སྔོན་ལ་རེ་ཞུ་བྱེད་ཆོག
➤ཐེན་ཅིན། 2026ལོའི་དུས་ཐེངས་གཉིས་པའི་ཐེན་ཅིན་གྲོང་ཁྱེར་གྱི་སྡོད་གནས་ལག་ཁྱེར་གྱི་སྐར་བསགས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། མཚམས་འཇོག་དུས་ཚོད་ནི་ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད17བར་ཡིན། ཆ་རྐྱེན་དང་མཐུན་པའི་རེ་འདུན་ཞུ་མཁན་གྱིས་ཐེན་ཅིན་གྲོང་ཁྱེར་གྱི་སྡོད་གནས་ལག་ཁྱེར་གྱི་ཆ་བསགས་ཆེད་དོན་ཐོག་ནས་རེ་ཞུ་བྱེད་ཆོག