网站无障碍
ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་གནང་བ།
发布时间:2026年08月07日 消息来源:

རྩོམ་སྒྲིགལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

   ཟླ8པའི་ཚེས4ཉིན་ནས་ཚེས5ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་ལ་ཕེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་རེ་བ་གལ་ཆེན་རྣམས་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་གོང་འཕེལ་གྱི་ལམ་བུར་སྲ་བརྟན་འགྱུར་བ་མེད་པར་བསྐྱོད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་། ལས་གཞི་གལ་ཆེན། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་བཅོས་སྒྲིག ། གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་སོགས་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་བྱེད་དགོས། ས་ཁུལ་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་རྣམས་མུ་མཐུད་དུ་སྟོབས་ཆེར་གཏོང་དགོས། བྱེད་ཐབས་དུ་མ་མཉམ་དུ་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བ་བྱེད་དགོས།

图片

   ཝུའུ་ཞའོ་ཅུན་བ་རིང་ཆུ་འདྲེན་ནུས་གསོག་གློག་ཁང་དང་། ཝན་ཅེ་ཅིང་ཧྥེང་མཚོ་སྔོན་རིག་ནུས་རྩིས་རྒྱག་ལྟེ་གནས། ཀུང་ཧོ་གནམ་ཐང་བཅས་ཀྱི་ལས་གྲྭའི་ས་གནས་སུ་ཕེབས་ནས་བསྟན་དོན། ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ས་གནས་དངོས་སུ་གཟིགས་ཞིབ་གནང་ཞིང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་གནང་བ་དང་། ལས་གྲྭ་གལ་ཆེན་བསྐྲུན་པའི་གོང་འཕེལ་གྱི་གོ་སྐབས་དམ་པོར་བཟུང་སྟེ །བདེ་འཇགས་དང་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་འཛུགས་སྐྲུན་གྱི་མགྱོགས་ཚད་མྱུར་དུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ལས་རིགས་ཀྱི་མཐོ་ས་དང་། རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཉམ་ལས་གོང་འཕེལ་དཔེ་སྟོན་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཧུར་ཐག་གིས་བསྐྲུན་ནས། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ནུས་པ་གསར་པ་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས།

图片

   ཝུའུ་ཞའོ་ཅུན་གྱིས་ཚ་རྔ་འགག་ཉེ་འཁོར་གྱི་ལྗོངས་གཟིགས་ཁུལ་དང་གྲོང་རྡལ་དུ་ཕེབས་ནས། ས་གནས་དེའི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་གཟིགས་ཞིབ་དང་རྒྱུས་ལོན་གནང་ཞིང་། རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་དུ་འདྲེས་པར་བྱེད་པ་དེ་འཕེལ་རྒྱས་ཀྱི་གོ་སྐབས་སུ་བཟུང་སྟེ། གྲོག་རོང་དང་མཚོ་མཚེའུ། ས་འབུར་སོགས་ཀྱི་ཐུན་མོང་མ་ཡིན་པའི་ས་དབྱིབས་ལ་གཞི་ཚུགས་པ་དང་། བཟོ་ལས་ཡུལ་སྐོར་དང་། ལུས་རྩལ་ངལ་གསོ། ཉ་རིགས་གསོ་སྤེལ་དང་ཉ་ལས་སོགས་ཀྱི་ཁྱད་ཆོས་ལྡན་པའི་ལས་གཞི་དང་ཟུང་འབྲེལ་བྱས་ནས། རྩེ་རིམ་ཇུས་འགོད་ལེགས་པར་བགྱི་བ་དང་། ལས་རིགས་ཀྱི་བཀོད་པ་ལུགས་དང་མཐུན་པར་བཤམས་ཏེ། ཁྱད་ཆོས་ལྡན་པའི་གཉེར་སྐྱོང་གི་རྣམ་པ་ཕུན་སུམ་ཚོགས་པར་གཏོང་དགོས་ཞེས་ནན་གྱིས་གསུངས། གཞི་རིམ་ཏང་འཛུགས་སྐྱོང་གི་བཙན་རའི་ནུས་པ་གང་ལེགས་སྒོས་བཏོན་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། གྲོང་གསེབ་ཀྱི་བེད་མེད་དུ་ལུས་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་གཏོང་བ། རང་སའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ལྷན་སྐྱེས་ནུས་པ་ཟབ་མོ་བརྐོ་འདོན་བྱེད་པ། མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བའི་ལམ་བུ་ཡངས་པོར་གཏོང་བ། འཚོ་བ་རོལ་བ་དང་ལས་ཀ་བྱེད་པར་འོས་ཤིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།

    ཞིང་ཧེ་རྫོང་དང་ཀུང་ཧོ་རྫོང་དུ། ཝུའུ་ཞའོ་ཅུན་གྱིས་མང་ཚོགས་ཉེ་འཁོར་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་གྲུབ་འབྲས་ལ་ཟབ་ཞུགས་ཀྱིས་རྒྱུས་ལོན་བྱས་ཤིང་། ངོ་འཕྲད་དེ་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་རེད། ཁོས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་གསུམ་གྱི་གཅིག་སྡུད་བཅོས་སྒྲིག་གི་དཀའ་གནད་སྒྲོལ་བའི་ཐག་གཅོད་ཀྱི་ལོ་ཡིན་པས། གནད་དོན་གཅིག་སྡུད་དང་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་ཁྱབ་ཁོངས་ལ་དམིགས་ནས་གཅིག་སྡུད་ཀྱིས་དཀའ་གནད་སྒྲོལ་དགོས་ལ། ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཙོ་བོ་སེལ་བ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན། དཀའ་ངལ་ཡོད་པའི་དམིགས་བསལ་ཚོགས་པར་གནད་འཁེལ་རོགས་སྐྱོར་སོགས་ཀྱི་ལས་ཀ་ཞིབ་ཕྲའི་ངང་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ནི་རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པ་དངོས་སུ་ཚོར་དུ་འཇུག་དགོས། ལྕགས་ནག་རུ་དཔུང་གི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། ལས་འགན་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པ་བྱས་ནས། སྒྲིག་བཤེར་ལྟ་ཞིབ་ལས་ཀའི་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། རྒྱུན་གཏན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་ཏུའུ་ཐའེ་གྲོང་ཚོ་རུ། ཝུའུ་ཞའོ་ཅུན་གྱིས་ས་དངོས་སུ་ནགས་འདེབས་ལྗང་བསྒྱུར་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། “བྱང་གསུམ”སྲུང་སྐྱོབ་ནགས་ཚལ་གྱི་འདུ་འགོད་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བ་དང་། བྱ་བཞག་གི་ལྟ་སྐུལ་དོ་དམ་ཤུགས་ཆེར་གཏོང་བ། བདག་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། བདག་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ཏེ། བཙུགས་པའི་སྡོང་པོ་རེ་རེ་གསོན་པ་དང་། བཟོས་པའི་ནགས་ཚལ་རེ་རེ་འགྲུབ་པར་འགན་ལེན་བྱེད་དགོས།

   ཝུའུ་ཞའོ་ཅུན་གྱིས་ཞིན་ཧེ་རྫོང་གི་ས་ཡོམ་གནོད་ཕོག་མང་ཚོགས་ལ་འཚམས་འདྲི་གནང་བར་ཆེད་དུ་ཕེབས་ཤིང་། ཉེན་ཁ་བཤེར་འཇལ་དང་ཁང་པ་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ལས་ཀའི་སྙན་ཞུར་གསན། ཝུའུ་ཞའོ་ཅུན་གྱིས་ཡོམ་འགོག་གནོད་སེལ་ལས་ཀའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་བསྔགས་བརྗོད་གང་ལེགས་གནང་སྟེ་ནན་གྱིས་བསྟན་དོན། བསྐྱར་འགུལ་ལྟ་ཞིབ་ཉེན་བརྡ་དང་ཆུ་ལོག་སྔོན་འགོག་གི་ལས་ཀ་གཅིག་གྱུར་གྱིས་ལེགས་པོར་བསྒྲུབ་དགོས་པ་དང་། ས་གཤིས་གནོད་འཚེའི་ཉེན་ཁ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་བཤེར་འཇལ་དང་བཅོས་སྒྲིག་བྱས་ཏེ། གཉིད་ལས་སློང་བ་དང་ཨ་ལན་ཡོད་པའིལམ་སྲོལ་ནན་ཏན་གྱིས་ལག་བསྟར་བྱེད་དགོས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་། གནད་འཁེལ་ཞིང་ནུས་པ་ཡོད་པའི་སྒོ་ནས་ཡོམ་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། འཛུགས་སྐྲུན་ལས་གཞི་སྤུས་ཀའི་འགག་སྒོ་ནན་པོར་བསྲུང་དགོས། གཞི་རྩའི་སྒྲིག་བཀོད་ཉམས་གསོ་དང་མང་ཚོགས་ཀྱི་འཚོ་བའི་འགན་ལེན་དངོས་འབེབས་བྱེད་པ་གཉིས་གཅིག་གྱུར་གྱིས་བསྒྲུབ་སྟེ། གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཕ་ཡུལ་བསྐྱར་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

   ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་རྟོག་ཞིབ་ལ་ཞུགས། །