གསར་འགྱུར་གལ་ཆེན།
གཙོ་སྒྲིག་པ། སྟག་རྩེ་འབུམ།
ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཟླ8པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁོ་ལོམ་པི་ཡར་ས་ཡོམ་དྲག་པོ་བརྒྱབ་པར་ཁོ་ལོམ་པི་ཡའི་ཙུང་ཐུང་ཏེ་ལ་ཨའེ་སི་ཕུའུ་ལེ་ཡར་འཚམས་འདྲིའི་གློག་འཕྲིན་བཏང་།
➤ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་བཟོ་འཕྲིན་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། 2026ལོ་འཁོར་གྱི་ཚད་འཇལ་འདེགས་སྐྱོར་ཐོན་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་རྣམ་གྲངས་ཡོངས་བསྒྲགས་ངང་བསྡུ་རུབ་བྱས།
➤སྤྱི་བདེ་པུའི་དྲ་བའི་བདེ་འཇགས་ཅུས་ཚེས11ཉིན་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དཔེ་མཚོན་གྱོད་དཔེ10ཡོངས་བསྒྲགས་བྱས།
➤འཕྲལ་སྡོམ་དོ་དམ་པུས་བཟོ་ལས་དང་ཚོང་དོན་ཁེ་ལས་ལ་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དྲན་སྐུལ་བཏང་ནས། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་རིགས་དྲུག་སྔོན་འགོག་ནན་མོ་བྱས་པ་མ་ཟད། “བཟོ་གྲྭའི་དབུས་བཟོ་གྲྭ”དང“གླིང་དབུས་གླིང”གི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ།
➤ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས་ཀྱིས་དྲ་སྦྲེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར10675རུ་ཟིན། དེ་དུས་མཚུངས་ལས10.1%འཕར།
➤《རྒྱལ་ཁབ་ཀྱི་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་བའི”འཆར་འགོད》ཉེ་ཆར་ཁྱབ་བསྒྲགས་བྱས་ནས། 2030ལོར་སླེབས་སྐབས་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་སྤོ་མི་རུང་བའི་རིག་དངོས་ཐོན་ཁུངས་ཀྱི་སྤྱིའི་དཀར་ཆག་བཟོ་རྒྱུ་ཡིན་ཞེས་བཏོན།
➤ཆིང་ལན་མཚོ་དོན་ཅུས་མཚོ་འགྲུལ་ཐ་ཚིག་བསྒྲགས་ནས། ཚེས12ཉིན་གྱི་ཆུ་ཚོད6ནས་ཚེས14ཉིན་གྱི་ཆུ་ཚོད18:30བར། ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱས་ནས་བསྐྱོད་མི་ཆོག་པ་བྱས་ཡོད།

➤ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་བརྒྱུད་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་རིན་ཐང་སྒོར་དུང་ཕྱུར200ལས་བརྒལ། དེ་དུས་མཚུངས་ལས29.9%འཕར།
➤རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་མཚོ་དམག་གི་ཧུང་ཧོ་དམག་གྲུས་ཟླ8པའི་ཟླ་དཀྱིལ་དུ་ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གི“ལའེ”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཐའེ་ཏའོ་ཤར་རྒྱུད་མཚོ་ཁོངས་སུ་གནམ་གྲུ་ཤར་གཏོང་གི་ནང་སྦྱོང་བྱ་རྒྱུ་རེད།
➤ཁོ་ལོམ་པི་ཡ་ཕྱོགས་ཀྱི་ཚེས11ཉིན་གྱི་བརྡ་ཁྱབ་གསར་ཤོས་ནང་བསྟན་དོན། རྒྱལ་ཁབ་དེར་ས་ཡོམ་དྲག་པོ་བརྒྱབ་ནས་མི169རྐྱེན་ལམ་དུ་ཤོར།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། རྒྱ་མཚོའི་རླུང་འཚུབ“མཚོ་ཕག་དཀར་པོར”ཚེས11ཉིན་གྱི་ཆུ་ཚོད17ཐོག་ཨང་གྲངས་འགོད་རྒྱུ་མཚམས་འཇོག་རྒྱུ་དང་། མ་འོངས་པར་ཧོང་ཧོའེ་དང་ཧྭ་པེའི་རྒྱུད་དུ་ད་དུང་འཁོར་རྒྱུག་ལྷག་འཕྲོ་ལས་བྱུང་བའི་ཆར་པ་ཆེན་པོ་འབབ་རྒྱུ་རེད།

➤ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་གསར་བརྗེའི་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་བཏང་ནས། སྔོན་དཔག་བྱས་ན་དེ་རིང་ཧོ་པེའི་ལྷོ་ནུབ་རྒྱུད་དང་། ཧྲན་ཤིས་ཀྱི་ཤར་རྒྱུད། ཀྲེ་ཅང་ཤར་རྒྱུད། ཧོ་ནན་གྱི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད།
➤ཚེས11ཉིན་བར། 2026ལོ་འཁོར་གྱི་གློག་བརྙན་སྤ་སེ་འཚོང་ཚད(སྔོན་འཚོང་ནད་དུ་ཚུད)སྒོར་དུང་ཕྱུར245ལས་བརྒལ་ཡོད།
➤ཚེས11ཉིན། ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རིན་ལུང་ཞང་གིས་ལྐོག་རྔན་ལེན་པ་དང་། ལྐོག་ཟ། འགན་དབང་གང་བྱུང་དུ་སྤྱོད་པ། ནང་ཁུལ་ཉོ་ཚོང་གྱོད་གཞི་བཅས་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལུང་ཞང་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།
➤ཀྲུང་གོའི་ཐེངས་བཅུ་དྲུག་པའི་འཁྱགས་རོམ་རྒྱ་མཚོའི་རྟོག་ཞིབ་འཁྱགས་རོམ་ས་ཚིགས་ཀྱི་བརྟག་དཔྱད་ལས་དོན་སྤེལ་བཞིན་ཡོད། མིག་སྔར“གངས་འབྲུག”རྟགས་ཅན་གྱི་འཁྱགས་རོམ་ས་ཚིགས12ཀྱིས་བརྟག་དཔྱད་ལས་འགན་ལེགས་གྲུབ་ཟིན།

➤ཚེས11ཉིན། འཛམ་གླིང་ཐོག་གི་གདོང་ཐུག་རྣམ་པའི་ཆུ་གློག་འཕྲུལ་ཚན་གྱིས་འཁོར་སྒྱུར་དཔྱང་སྒྲིག་ལེགས་གྲུབ་བྱུང་། འདིས་རང་རྒྱལ་གྱི་ཆེས་མཐོའི་ཆུ་སྣེ་དང་ཤོང་ཚད་ཆེ་བའི་གདོང་ཐུག་རྣམ་པའི་ཆུ་གློག་སྒྲིག་ཆས་ཀྱི་ལྟེ་བའི་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་མཚོན་ཡོད།
➤ཚེས11ཉིན། ཀུའེ་ཀྲོའུ་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས“ཞུ་གཏུག་གྲངས་འབོར་མདུན་གྲལ་དུ་སླེབས་པའི་གནས་སྐོར་ལས་དོན་ཁང་ལ་གཅིག་སྡུད་ཐོག་སྐོང་འདྲི་བྱེད་པའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ”ཁྱབ་བསྒྲགས་བྱས་ནས། སྐོང་འདྲི་བྱ་ཡུལ་གནས་སྐོར་ལས་དོན་ཁང་གིས་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

➤ཚེས11ཉིན། ཀྲེ་ཅང་ཀྲོའུ་ཧྲན་གྱི་ཆེད་དོན་དམིགས་བསལ་ཆོག་མཆན་ཐོབ་པའི་ཉ་འཛིན་གྲུ་གཟིངས་སྟོང་ཕྲག་ཁ་ཤས་ཀྱིས་ཉ་འཛིན་མགོ་ཚུགས་པའི་དུས་ཚིགས་བསུས།
➤ཚེས9ཉིན་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་རླངས་འཁོར་རིམ་རྩིས་བྱས་ན་ཐེངས་ཁྲི2500ལས་བརྒལ།
➤ཉེ་ཆར། ཧྲན་ཏུང་ཅི་ནན་གྱི་བུད་མེད་ཅིག་གིས་དྲག་ཆར་འབབ་པའི་ཉིན་མོར་རྐང་འཁོར་བཞོན་ནས་ཕྲུ་གུ་ཁྲིད་དེ་འགྲོ་སྐབས་ཆུ་རླབས་ཀྱིས་ཐང་དུ་འགྱེལ། ཉེན་ཁ་ཆེ་བའི་སྐབས་སུ་ལམ་དུ་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཝང་ཡུང་ཁེ་ཡིས་བློ་ཐག་ཆོད་པོས་རོགས་སྐྱོར་བྱས་ཏེ། ཁོང་གཉིས་ས་བབ་ཅུང་མཐོ་བའི་བདེ་འཇགས་ས་ཁུལ་དུ་བསྐྱལ།
དོ་སྣང་།

➤ཉེ་ལམ། ས་གནས་ཁག་གཅིག་གི་ཁ་ལོ་བའི་གསོ་སྦྱོང་ཁེ་ལས་ཀྱིས“རུབ་འདུས་རིན་གོང་སྤར་བ”དང་། ལས་རིགས་མཐུན་ཚོགས་རྩ་འཛུགས་ཀྱིས་སྒེར་སྡེམ་གྲོས་མཐུན་བཞག་ནས། གཅིག་གྱུར་ཐོག་རིན་གོང་སྤར་བ་དང་སློབ་ཁྲིད་ཞབས་ཞུ་ཉུང་དུ་གཏོང་བ་སོགས་ཀྱི་རྙོག་འཛིང་ཆེ་བའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་ཐོབ། མི་དམངས་ཚ་གཏམ་གྱིས་དཔྱད་འདེམས་བྱས་པ་ལྟར་ན། ཁ་ལོ་བའི་གསོ་སྦྱོང་ལས་རིགས་དེ་རང་ཚུགས་ཀྱི་ལས་རྣམ་རྐྱང་པ་ཞིག་མིན་པར། རླངས་འཁོར་སློབ་སྦྱོང་དང་། རླངས་འཁོར་བཀོལ་སྤྱོད། རླངས་འཁོར་ཉོ་འཚོང་། རླངས་འཁོར་སྲུང་སྐྱོང་སོགས་འབྲེལ་ཐག་ཧྲིལ་བོའི་རླངས་འཁོར་འཛད་སྤྱོད་དང་འབྲེལ་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། དེའི་ཁྲོམ་རའི་སྒྲིག་ལམ་གྱིས་རླངས་འཁོར་འཛད་སྤྱོད་ཁྲོམ་ར་ཧྲིལ་བོ་སྐྱོན་བྲལ་ངང་འཁོར་སྐྱོད་བྱ་རྒྱུར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྙོག་འཛིང་ཆེ་བའི་གནས་ཚུལ་བཅོས་སྒྲིག་བྱ་རྒྱུ་དེ་ནི་མཐའ་སྣེ་མིན་པར། ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་སྐྲུན་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དེ་ནི་དེ་ལས་མཐོ་བའི་ཕུགས་འདུན་ཡིན།
འཚོ་བའི་ཞབས་ཞུ།

➤གནམ་གཤིས། དེ་རིང་ཀྲེ་ཅང་ཤར་རྒྱུད་དང་། ཧྲང་ཧའེ། ཅང་སུའུ་ནུབ་རྒྱུད། ཨན་ཧུའེ་དབུས་བྱང་རྒྱུད། ཧུའུ་པེའི་བྱང་རྒྱུད་དང་ནུབ་རྒྱུད། ཧུའུ་ནན་ནུབ་བྱང་རྒྱུད། ཧོ་ནན། ཧྲན་ཏུང་ནུབ་རྒྱུད་དང་ཧོ་པེའི་དབུས་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། པེ་ཅིང་། ཧྲན་ཞིའི་ཤར་རྒྱུད། ནང་སོག་དབུས་རྒྱུད། ཧེ་ལུང་ཅང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།
➤ལྕགས་ལམ། ཤིས་ཧྲི་མྱུར་བགྲོད་ལྕགས་ལམ་གྱི་ཕྱོགས་གཉིས་མེ་འཁོར་གྱིས་ཐེངས་མང་ལ་གཟིགས་སྐྱོང་སྤ་སེའི་རིན་གོང་ལག་བསྟར་བྱས་ནས། ཧྲི་དབྱན་དང་ཤིས་ཨན་དུ་འགྲོ་འོང་བྱེད་པའི་མ་གནས་སླར་ཡང་དམའ་རུ་ཕྱིན་ཡོད། ལྕགས་ལམ12306Appསྤ་སེ་ཉོ་སའི་པར་ངོས་སུ་ཧྲི་ཡན་ཤར་རྒྱུད་ནས་ཤིས་ཨན་ཤར་རྒྱུད་རིམ་པ་གཉིས་པའི་བར་གྱི་ཏིན་གོང་དམའ་ཤོས་ལ་སྒོར134ལས་མི་དགོས། དེ་དེ་སྔོན་ལས་སྒོར20ཆག་ཡོད།
➤པེ་ཅིང་། ཚེས12དང13ཉིན་ཧྲིལ་བོར་པེ་ཅིང་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་གནས་སྐབས་སྒོ་ཕྱེ་ནས་སྤྱི་ཚོགས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།