ཁྱུང་རྒྱའི་ཡུལ་གྲུར་ལྗང་མདོག་རྒྱས་པས་མི་སེམས་སྐྱིད་ལ་བཀོད་པ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྐྱེ་ཁམས་ཀྱི་གཏིང་།
གྲོང་ཁྱེར་གྱི་འདུ་འཛི་དང་རིམ་གྱིས་གྱེས་ནས་རྩྭ་ཐང་དང་། ཞིང་ཁ། ནགས་ཚལ། སྡེ་བ་བཅས་ཀྱི་ཡུལ་ལྗོངས་མི་འདྲ་བ་སྣ་ཚོགས་ལ་རོལ་ཞོར། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཀྱི་ལྷོ་རྒྱུད་དུ་ཡོད་པའི་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་འབྱོར།
རི་མཐོ་དང་གྲོག་རོང་ཕན་ཚུན་སྣོལ་ཞིང་། ནགས་ཚལ་སྟུག་པོ་དང་སྤང་ལྗོངས་གཅིག་ལ་གཅིག་གིས་བརྒྱན་པས་ཡུལ་ལྗོངས་ལྟ་ན་སྡུག མཚོ་འཕགས་སྨི2700ནས་སྨི4400ལྷག་གི་ས་ངོས་སུ། “བརྗིད་ཆགས་དང་། ངོ་མཚར། ཉེན་ཁ། གཡང་གཟར”བཅས་ཀྱི་ས་དབྱིབས་སྣོལ་མར་སྦྲེལ་ཏེ་ས་ཆེན་གྱི་རི་མོ་གྲུབ། བར་སྣང་ནས་ཐུར་དུ་བལྟས་ན། སེམས་ཞིབ་མོས་བརྐོས་པའི་བརྐོས་རིས་ཤིག་དང་འདྲ།
ལོ་མང་པོའི་གོང་གི་རྣམ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་དེ། སྡེ་མིས་ཤིང་སྡོང་བཅད་ནས་བུད་ཤིང་སྲེག་པ་དང་སྲོག་ཆགས་མི་ལ་འདྲོགས་ནས་གཞན་ལ་བྲོས་འགྲོ། དེང་སྐབས་རི་རྩེ་གང་སར་ལྗང་མདོག་རྒྱས་ཤིང་ནགས་ཀྱི་ཁེབས་ཚད73.4%ལ་སླེབས་པས་དབུགས་འབྱིན་རྔུབ་རེ་རེའི་བར་ནས་ལྗང་མདོག་གི་དྲི་མ་འཐུལ་ཡོང་ལ། སྐྱེ་ཁམས་བདག་སྐྱོང་པས་རི་བོར་སྐོར་ཞིབ་བྱེད་སྐབས་རི་སྐྱེས་སྲོག་ཆགས་དང་འཕྲད་ཀྱིན་ཡོད།
རི་བོ་མ་འགྱུར་སྔར་གྱི་རི་བོ་ཡིན་མོད། འོན་ཀྱང་རི་བོའི་རྣམ་པ་འགྱུར་འདུག བུད་ཤིང་གཅོད་པ་ནས་ནགས་སྲུང་བར་དང་། ས་རྒྱུ་ཞན་པའི་འཚོ་བ་ནས“སྐྱེ་ཁམས་ཕོར་བའི”བར། ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་ནས་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་བར་བཅས་མི་རབས་ནས་མི་རབས་བར་གྱི་སྲུང་སྐྱོང་འོག་ཁྱུང་རྒྱའི་ཡུལ་ལ་ལྗང་མདོག་རྒྱས་ཤིང་མི་སེམས་བདེ་བར་འཁོད།
ནགས་ཚལ་སྲུང་སྐྱོང་ཁྲོད་ཀྱི“འཐབ་མོ་པ། ”
2016ལོར་ཀྲའོ་ཡུང་མིང་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པར་གྱུར། དེའི་སྔོན་དུ་ཁོ་ནི་ཧོང་ཀྲུང་ཆུས་ཁྱུང་རྒྱ་བོད་རིགས་ཞ་ཅོན་སྡེ་བའི་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། ཁོའི་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དེ་ནི་སྐྱེ་ཁམས་བདག་སྐྱོང་གི་ལས་ཀ་བརྟན་པོ་དེ་ལས་བྱུང་ཞིང་། ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་ཡོད་པ་དེས་ཁྱིམ་ཚང་ལ་རོགས་རམ་མི་ཉུང་བ་བྱེད་ཐུབ་ཀྱིན་ཡོད།

ཟླ8པའི་ཚེས4ཉིན་གྱི་སྔ་དྲོར། ཀྲའོ་ཡུང་མིང་ནགས་ཁུལ་དུ་སྐོར་གཡེང་བྱེད་དུས། ཁོས་ཞིབ་ཚགས་ཀྱིས་སྡོང་རྐང་རེ་རེར་རེག་པ་དང་། མགོ་ཡར་བཀྱགས་ནས་སྡོང་མགོར་བལྟས། “དེ་ནི་ཤིང་སྡོང་གི་ནད་འབུའི་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་ཞིག་ཡིན་པས་ཤིང་སྡོང་རེ་རེར་བལྟས་ཚེ་གཞི་ནས་སེམས་བདེ་བོ་ཡོང་གི་འདུག”ཅེས་ཀྲའོ་ཡུང་མིང་གིས་སྐད་ཆ་བཤད་ཞོར་དུ་མུ་མཐུད་དུ་སྐོར་གཡེང་བྱས།
དེ་སྔའི་ཁྱུང་རྒྱ་ནི་མཚོ་འཕགས་མཐོ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གྱི་དབང་གིས་སྤུས་ལེགས་སྐྱེ་ཁམས་ཐོན་ཁུངས“མི་མངོན་པའི་གནས་སུ”ཡོད་པས་སྔོ་ལྗང་རི་ཆུ་སྲུང་མི་ཐུབ་ལ་བེད་སྤྱོད་ཀྱང་ཡག་པོ་བྱེད་ཐུབ་ཀྱིན་མེད། “དེ་སྔ་ང་ཚོས་རི་ཁའི་འཚོ་རྟེན་རི་བྱས་པ་དང་། དབྱར་རྩྭ་བརྐོས་ནས་ཁྱིམ་ཚང་འཚོ་བར་ཡོང་སྒོ་བཙལ་བ། ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་བྱས་ཡོད། དེང་སྐབས་ཚང་མའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ནས་རི་བོ་དང་ནགས་ཚལ་བརྟན་སྲུང་བྱས་ཚེ།གཞི་ནས་ད་ལྟའི་འཚོ་བ་བརྟན་སྲུང་ཐུབ་པའི་ངོས་འཛིན་བྱུང་ཡོད”ཅེས་ཀྲའོ་ཡུང་མིང་གི་སྐད་ཆ་དེ་ནི་ལོ་བཅུའི་རིང་སྐྱེ་ཁམས་བདག་སྐྱོང་བྱས་པའི་མྱོང་ཚོར་ངོ་མ་རེད།
ནགས་ཚལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཧོང་ཀྲུང་ཆུས་ཁྱུང་རྒྱ་རྒྱལ་གཉེར་ནགས་རའི་འགན་འཁྲི་གཙོ་བོ་རེད། མིག་སྔར་ནགས་རར་ཆེད་ལས་ཕྱེད་ཙམ་ཡིན་པའི་བདག་སྐྱོང་དཔུང་ཁག་གཅིག་བཙུགས་ཡོད་པ་དང་། བདག་སྐྱོང་ས་ཚིགས10བཙུགས་ནས་ས་ཁོངས་ཡོངས་སུ་ཁྱབ་ཡོད། ནགས་རའི་མགོ་གཙོ་གཞོན་པ་ཅི་ཧའེ་ཧུང་གིས་སྐྱེ་ཁམས་བདག་སྐྱོང་རུ་ཁག་གི་མི54ཡིས་འགན་འཁྲིའི་ཁུལ་དབྱེ་ནས་རི་སྐོར་ནགས་སྲུང་དང་། ནགས་ཚལ་མེ་འགོག ནགས་ཤིང་རྐུ་འགོག རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་མཐའ་འཁོར་གྱི་སྡེ་བ5ཡི་སྡེ་མིའི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ཡོད།
ཁྱུང་རྒྱ་ཞང་ཐོག་ཁང་སྡེ་བའི་བློ་བཟང་རྡོ་རྗེ་ནི2014ལོར་ནགས་སྲུང་པ་ཞིག་ཏུ་གྱུར། སྐབས་དེ་དུས་ནགས་རས་ལས་མི་བསྡུ་ལེན་བྱེད་བཞིན་ཡོད་པས་ཁོས་མིང་ཐོ་བཀོད་དེ་ཐོག་མའི་ནགས་སྲུང་པ་གསུམ་གྱི་ཁོངས་མི་ཞིག་ཏུ་གྱུར། རྗེས་སུ་སྐྱེ་ཁམས་བདག་སྐྱོང་དཔུང་སྡེ་མི20ལྷག་ལ་ཇེ་མང་དུ་སོང་བ་དང་དེང་སྐབས་མི50ལྷག་ལ་ཇེ་མང་དུ་སོང་ཡོད།
དེ་སྔ་བློ་བཟང་རྡོ་རྗེ་ཡི་ལས་རིགས་གཙོ་བོ་ནི་ཞིང་འདེབས་དང་། དབྱར་རྩྭ་དགུན་འབུ་རྐོ་བ། ནོར་ལུག་གསོ་བ་བཅས་རེད། ནགས་སྲུང་པ་ཞིག་ཏུ་གྱུར་པ་དེ་ཁོས་བལྟས་ན་གཞན་དབང་གིས“ཁྱོད་ཀྱིས་སྲུང་སྐྱོང་བྱོས”ཞེས་པ་ནས་རང་འགུལ་གྱིས“ང་ཡིས་སྲུང་སྐྱོང་བྱེད”ཞེས་པར་གྱུར་ཡོད།
བློ་བཟང་རྡོ་རྗེས་སྐོར་སྲུང་བྱེད་པའི་ས་ཁོངས་ནི་ཉེ་འཁོར་གྱི་གཞུང་ལམ་ཡིན་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་པ་མང་བའི་ས་ཆ་ཞིག་ཡིན་ལ། དགུན་དུས་མེ་ཟོན་གྱི་གཙོ་གནད་ཁུལ་ཞིག་ཀྱང་རེད། དེང་སྐབས་གད་སྙིགས་འཐུ་བ་སོགས་རྒྱུན་ལྡན་གྱི་སྐོར་གཡེང་བྱེད་པ་ཕུད། ཁོས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱ་རྒྱུ་དེ་གཙོ་གནད་དུ་བཞག་ནས་ཉིན་ལྟར་ཡང་སྐོར་བསྐྱར་སྐོར་གྱིས་བཤད་དགོས། “དེང་སྐབས་མི་རྣམས་ལ་རྩི་ཤིང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཡོད་པས་རི་ཁུག་ཏུ་སྐྱོད་མཁན་གྱི་ཡུལ་སྐོར་པ་ཇེ་ཉུང་དུ་སོང་ཡོད།”
ཁྱུང་རྒྱའི་ནགས་ཚལ་དེས་དེ་གར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་གསོ་སྐྱོང་བྱེད་བཞིན་ཡོད། དེང་སྐབས་ས་གནས་དེ་གའི་མིས་སྲུང་སྐྱོང་བྱེད་པའི་སྔོ་ལྗང་རི་ཆུའི་སྐྱེ་ཁམས་ནི་འཕེལ་རྒྱས་ཅན་གྱི་དགེ་མཚན་དུ་འགྱུར་བཞིན་ཡོད།
སྲོག་ཆགས་མང་དུ་ཕྱིན་པས་རི་བོར་བཀྲག་མདངས་རྒྱས།
རི་སྐྱེས་སྲོག་ཆགས་ནི་སྐྱེ་ཁམས་བཟང་མིན་གྱི་མེ་ལོང་ལྟ་བུ་ཞིག་རེད། ཀྲའོ་ཡུང་མིང་དང་བློ་བཟང་རྡོ་རྗེ་གཉིས་ཀྱིས“ལོ་འདི་འགའི་རིང་སྡོང་ཕྲན་སྐྱེས་ཚུལ་སྔར་ལས་བཟང་བ་དང་། རི་སྐྱེས་སྲོག་ཆགས་རྟག་ཏུ་མཐོང་ཐུབ། སྲོག་ཆགས་མང་ན་རི་བོར་བཀྲག་མདངས་རྒྱས་ཡོང”ཞེས་མྱོང་ཚོར་གཅིག་མཚུངས་ཀྱིས་བཤད།
ཁོ་ཚོས་བཤད་པ་ལྟར་ན་ལོ20ཡི་གོང་དུ་སྟབས་ལེགས་ན་མ་གཏོགས་ཤྭ་བ་ཁྲ་རིས་མཐོང་མི་ཐུབ་ལ། བྱ་ཝང་སྔོན་པོ་ཧ་ལམ་མཐོང་རྒྱུ་མེད། དེང་སྐབས་རྟག་ཏུ་ཤྭ་ཁྱུ་མཐོང་རྒྱུ་ཡོད་པ་དང་བྱ་ཝང་སྔོན་པོ་ནགས་ཁུལ་དུ་བག་གཡེང་ངང་འཕུར་བཞིན་པ་མཐོང་ཐུབ། རི་བོའི་ཁ་དོག་ཀྱང་དེ་སྔའི་སྐྱ་བོ་ནས་ལྗང་མདོག་ཏུ་གྱུར་ཡོད།

ཅི་ཧའེ་ཧུང་གིས་གྲངས་གཞིར་བརྟེན་ནས་གནས་དེའི་འགྱུར་ལྡོག་བསྟན་བྱུང་། བསྡོམས་པས་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས200ལྷག་ཐོ་འགོད་བྱས་ནས་མཐོ་སྒང་སྐྱེ་ཁམས་འབྲེལ་ཐག་ཆ་ཚང་ཞིག་གྲུབ་ཡོད་ལ། མཚོ་བོད་མཐོ་སྒང་གི་ཤར་རྒྱུད་སྐྱེ་ཁམས་མ་ལག་ལ་ཞིབ་འཇུག་བྱེད་པའི་རང་བྱུང་གི“ཚོད་ལྟ་ཁང”ཞིག་ཏུ་གྱུར་ཡོད། དེ་གར་ཤྭ་སྐྱ་དང་། ཤྭ་བ་ཁྲ་རིས། ཤྭ་བ་སེར་ཆེན་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡོད་ལ། གནའ་བ་དང་གླ་བ་སོགས་རི་མཐོའི་ཁོར་ཡུག་དང་འཚམ་པའི་དམིགས་བསལ་སྲོག་ཆགས་ཀྱང་ཡོད་པ་དང་། འདབ་ཆགས་ཁྲོད་བྱ་ཝང་སྔོན་པོ་དང་གོང་མོ་ནི་རྒྱུན་མཐོང་གི་བྱ་རིགས་སུ་གྱུར་ཡོད།
ཁྱུང་རྒྱ་རུ་སྡོང་རིང་ལྗོན་ཤིང་གི་བང་རིམ་ནི་མཚོ་སྔོན་གྱི་གསོམ་ཤིང་དང་། སྦྱར་སྡོང་། སྟག་པ་བཅས་གཙོ་བོ་ཡིན་ལ། དེ་དག་ནི་མཛེས་ལྗོངས་ཀྱི་གཙོ་གཟུགས་ཡིན་པར་མ་ཟད། ས་ཆུ་སྲུང་འཛིན་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཀྱང་རེད། སྤེན་དཀར་དང་། སྤེན་ནག གླང་ནག་སོགས་ཤིང་ཕྲན་རྣམས་མཐོ་སྒང་གི་གནམ་གཤིས་ཁྲོད་སྟོབས་ཀྱིས་སྐྱེ་བཞིན་ཡོད་པ་དང་།རྩྭ་རིགས་ཤིང་རིགས་སྣ་ཁ120ལྷག་ཡོད་པས་སྣ་མང་སྔོ་ཁེབས་ཀྱི་སྐྱེ་ཁམས་མ་ལག་ཆགས་ཡོད།
ཅི་ཧའེ་ཧུང་གིས“ས་མུའུ38(ས་མུའུ1སྤྱི་ཆིང≈0.0667)ཡོད་པའི་ཚི་ཝན་སྡོང་ཕྲུག་ར་བའི་ནང་འབྲེལ་ཡོད་ལས་གཞི་ལག་བསྟར་བྱས་པར་བརྟེན་ནས་མཚོ་སྔོན་གྱི་གསོམ་ཤིང་ཐད་སྡོང་ཕྲུག་ཁྲི72དང་། སྣོད་ཆས་སྡོང་ཕྲུག་ཁྲི10.5། སྤོ་འཛུགས་སྡོང་ཕྲུག་ཁྲི10བཅས་ལེགས་པར་བཙུགས་ནས་ལས་མི་མི་ཐེངས1334ལས་ཞུགས་བྱེད་རྒྱུར་སྐུལ་ཁྲིད་བྱས་པ་དང་། ངལ་ལས་འགྲོ་སོང་མ་དངུལ་སྒོར་ཁྲི20ལྷག་བཏང་ཡོད”ཅེས་ངོ་སྤྲོད་བྱས།
ཚི་ཝན་སྡོང་ཕྲུག་ར་བའི་ཁ་གཏད་ཀྱི་རི་སྟེང་ནས་ནགས་ཚལ་སྟུག་པོ་ཞིག་བརྒྱུད་པ་ན། དེ་བས་མཐོ་སར་ཡོད་པའི་རྒྱ་བྱ་གནམ་མཚོའི་བརླན་ས་ཆུང་བ་རུ་སླེབས་ཐུབ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་དང་པོའི་ཞིང་ཆེན་རིམ་པའི་གཏན་འཁེལ་བྱས་པའི་བརླན་ས་ཆུང་གྲས13གྱི་གྲས་ཡིན་པ་དང་། སྨི་གྲུ་བཞི་མ9141ཡོད་པའི་ཆུ་ཁོངས་ཀྱི་མཐའ་འཁོར་དུ་གཞི་ཁྱོན་ཆེ་བའི་སྤེན་ནག་རི་རྒྱུད་བརྒྱུད་ནས་དེ་ལས་མཐོ་བའི་རི་ངོས་སུ་བསྐྱོད་སྐབས་མིང་མི་ཤེས་པའི་སྡོང་ཕྲན་མང་པོ་མཐོང་ཐུབ།
བརླན་ས་ཆུང་གྲས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ཅུང་མཐོན་པོ་སྲུང་འཛིན་ཐུབ་ཡོད་པས་སྐྱེ་ཁམས་མཛེས་ལྗོངས་བསྐྲུན་པའི་ནུས་པ་ལྡན། ཅི་ཧའེ་ཧུང་གིས“རི་མཐོའི་བརླན་ས་ཆུང་གྲས་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེ་གར་ཆུ་ཁུངས་གསོ་འཛིན་དང་ས་ཆུ་སྲུང་འཛིན་གྱི་བྱེད་ནུས་ཡོད་པ་དང་། དེ་ནི་ཁྱུང་རྒྱ་ས་ཁོངས་ཀྱི་སྐྱེ་དངོས་གནས་སྤོ་དང་འཚོ་སྡོད་བྱེད་པའི་འགག་རྩའི་སྐྱེ་ཁམས་ཀྱི་མཚམས་ཚིགས་ཤིག་ཡིན་ལ། མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་དང་ཉི་སེར་གོང་ཁའི་མཐོ་གྲང་སྐྱེ་ཁམས་ཀྱི་རྣམ་པ་མངོན་པར་བྱེད་པའི་ས་གནས་གལ་ཆེན་ཞིག་ཀྱང་རེད”ཅེས་བཤད།
རི་བོར་ལྗང་མདོག་རྒྱས་པས་འཚོ་བར་བདེ་སྐྱིད་ལྡན།
ཁྱུང་རྒྱའི་མི་རྣམས་ཀྱིས་རི་བོར་ལྗང་མདོག་རྒྱས་པ་མཐོང་བའི་མོད་ལ་འཚོ་བ་སྐྱིད་པོ་ཡང་དེ་དང་མཉམ་དུ་སླེབས་ཡོད་པ་ཤེས་བྱུང་། ཁྱུང་རྒྱ་ཞང་ཧྲང་ཅོན་སྡེ་བའི་དཔལ་འབྱོར་ཚེ་རིང་གིས་རང་ཚང་གི་སྒོ་ཁ་རུ་ཡོད་པའི་ཁྱུང་རྒྱ་ཤྭ་གསོ་ར་བ་རུ་ལས་ཞུགས་བྱས་ཡོད། ཁོས“སྡོང་པོ་སྐྱེས་ཚེ་འཚོ་བ་ཡང་ཡར་རྒྱས་ཡོང་ངེས་རེད”ཅེས་སེམས་གཏིང་གི་སྐད་ཆ་བཤད། སྐད་ཆ་ཧ་ཅང་བབ་ཆགས་ཡིན་མོད།འོན་ཀྱང་ཁོས་རི་དང་ཆུ།ནགས་ཚལ་བཅས་ལ་བཅངས་པའི་བརྩེ་དུང་ལ་འགྱུར་བ་བྱུང་འདུག་པ་ཚོར་ཐུབ།
ད་ལོར་ལོ་ན51ལ་སླེབས་པའི་དཔལ་འབྱོར་ཚེ་རིང་ཤྭ་གསོ་ར་བ་རུ་ལས་ཞུགས་བྱས་ཏེ་ལོ་གཉིས་དང་ཕྱེད་ཀ་འགོར་ཞིང་། ཟླ་རེར་གླ་ཕོགས་སྒོར3500རག་གི་ཡོད་པས་ཁོ་རང་ཡིད་ཚིམ་ཡོད། འདོད་བློ་ཁེངས་པ་དེ་སྐྱེ་ཁམས་བཟང་པོ་ལས་བྱུང་བ་ཞིག་ཡིན། ལུས་པོའི་དབང་གིས་ཕྱི་རོལ་དུ་འགྲོ་ཐུབ་ཀྱིན་མེད། དེང་སྐབས་ལག་རྩལ་ཤེས་པ་དང་འབད་བརྩོན་བྱས་ནས་ཐོབ་པའི་ཡོང་འབབ་དེ་ལག་ཏུ་བདེ་མོར་རག་ཡོད།

མཚོ་སྔོན་ཤྭ་བ་གསོ་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲའོ་ཀང་གིས་དེ་སྔ་ས་ཆ་གཞན་དུ་མི་ཐབས་ལ་བརྟེན་ནས་ཤྭ་བ་ཁྲ་རིས་གསོ་སྤེལ་བྱེད་པའི་ཐོན་ལས་འཕེལ་རྒྱས་གཏོང་གིན་ཡོད། ཁྱུང་རྒྱའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དགེ་མཚན་ལ་ཚོང་འགུགས་མ་དངུལ་ནང་འདྲེན་གྱི་གོ་སྐབས་ཤིག་གི་སྟེང་། ཐོན་ལས་དེ་ཁྱུང་རྒྱ་ཞང་དུ་སྤོ་སྒྱུར་བྱས་པས། མིག་སྔར་མི་ཐབས་ལ་བརྟེན་ནས་ཤྭ་བ་ཁྲ་རིས་གསོ་སྤེལ་བྱེད་པའི་གཞི་ཁྱོན800ལྷག་ལ་སླེབས་ཡོད།
ཀྲའོ་ཀང་གིས“མི་ཐབས་ལ་བརྟེན་ནས་ཤྭ་བ་ཁྲ་རིས་གསོ་སྤེལ་བྱས་ཚེ་ཁྲོམ་རའི་ཤྭ་བའི་ཐོན་རྫས་ཀྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། རི་སྐྱེས་ཤྭ་བ་ཁྲ་རིས་ལ་སྲུང་སྐྱོང་ཡང་བྱེད་ཀྱིན་ཡོད”ཅེས་བཤད། ཀྲའོ་ཀང་གིས“མི་ཐབས་ལ་བརྟེན་ནས་ཤྭ་བ་ཁྲ་རིས་གསོ་སྤེལ་བྱས་ཚེ་རྗེས་མཐུད་ཐོན་ལས་སྣ་མང་ཅན་འཕེལ་རྒྱས་འགྲོ་བར་རང་བྱུང་ཁོར་ཡུག་གི་སྟབས་བདེ་བསྐྲུན་ཡོད།
ཀྲའོ་ཀང་གི་འཆར་འགོད་ནང་ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་གཟུགས་གཞི་དེ་བས་ཆེ་བ་དང་རིགས་རྒྱུད་དེ་བས་ལེགས་པའི་ཤྭ་བ་ཁྲ་རིས་གསོ་སྤེལ་བྱས་ཏེ། ཐོན་ལས་སྦྲེལ་ཐག་ཏུ་བྱས་ནས་སྔོ་ལྗང་རི་ཆུ་རྒྱུན་མཐུད་ངང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི“རྩིས་ཐོར”འགྱུར་དུ་འཇུག་རྩིས་ཡོད། “གཞི་ཁྱོན་ཆེ་རུ་ཕྱིན་རྗེས‘ཀུང་སི+མཉམ་ལས་ཁང+ཞིང་ཁྱིམ’གྱི་རྣམ་པའི་ཐོག་ནས་སྔོན་དཔག་བྱས་ན་ལོ་གསུམ་གྱི་དུས་ཚོད་ནང་མཐའ་འཁོར་གྱི་ཞིང་ཁྱིམ་ལ་སྐུལ་ཁྲིད་བྱས་ཏེ་ཕན་ཁེ་མཉམ་དུ་འཐོབ་རྒྱུ་རེད”ཅེས་བཤད།
དཔལ་འབྱོར་ཚེ་རིང་ནི་ཆེས་ཐོག་མར་ཁེ་ཕན་ཐོབ་པའི་མི་ཞིག་རེད། ཁོའི་ཉིན་རེའི་ལས་ཀ་ནི་ཤྭ་བ་ཁྲ་རིས་དང་འབྲེལ་ཡོད་དེ། གཟན་ཆས་སྟེར་བ་དང་།ཤྭ་རྭ་ལེན་པ།རིམས་འགོག་སྨན་ཁབ་རྒྱག་པ་བཅས་རེད། ཀྲའོ་ཀང་གིས་ཤྭ་བ་ཁྲ་རིས་གསོ་སྤེལ་བྱ་རྒྱུ་དེའང་ལག་རྩལ་གྱི་ལས་ཀ་ཞིག་ཡིན་པས་དེང་སྐབས་ཆེད་ལས་ལག་རྩལ་མི་སྣ་གཅིག་གདན་འདྲེན་བྱས་ནས“བརྒྱུད་རོགས་ཁྲིད་གསུམ”བྱེད་དུ་བཅུག་པས།མང་ཚོགས་མང་པོ་ལག་རྩལ་མི་སྣར་གྱུར་ཡོད་པ་དང་། མིག་སྔར་ཉེ་འཁོར་སྡེ་བའི་མི་བཅུ་ལྷག་གིས་འབྲེལ་ཡོད་ལག་རྩལ་སློབ་སྦྱོང་བྱེད་བཞིན་ཡོད།
ཁྱུང་རྒྱ་ཡི་རང་བྱུང་མཛེས་ལྗོངས་ཀྱིས“རི་ཉུལ་པ”མང་པོ་ཞིག་དེ་རུ་ཡོང་ནས་མཛེས་ལྗོངས་པར་ལེན་པར་བཏང་ཡོད་ལ། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཡར་རྒྱས་ཕྱིན་ཡོད། འཕེལ་རྒྱས་ཀྱི་ཐོག་ནས་སྲུང་སྐྱོང་ལ་ཕྱིར་ལྟ་བྱས་ཚེ། དེ་རུ་སྲུང་སྐྱོང་ཁོ་ན་ཙམ་མ་ཡིན་པར།སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཀའི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་ཀྱིན་ཡོད། དེང་སྐབས་ཀྲའོ་ཀང་གིས་སྣ་མང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས“རི་ཉུལ་པ”ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་རྒྱ་ཆེར་གཏོང་གིན་ཡོད། ཡུལ་སྐོར་པ་ཤྭ་གསོ་ར་བར་ཡུལ་སྐོར་བྱེད་དུ་ཡོང་ཚེ་ཤྭ་བའི་ཐོན་རྫས་ཁག་གཅིག་ཕྱིར་འཚོང་བྱེད་པར་སྐུལ་ཁྲིད་ཐུབ་ནས་སྐྱེ་ཁམས་རིན་ཐང་དེ་དཔལ་འབྱོར་རིན་ཐང་དུ་འགྱུར་བཞིན་ཡོད།

ཁྱུང་རྒྱའི་ནགས་རའི་ངོས་ནས་བརྗོད་ན། “མཐའ་སྐོར་བཤིག་ནས་ལྗང་མདོག་རྒྱ་སྐྱེད”བྱས་པ་བརྒྱུད། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་འབྲེལ་མཐུད་མ་དངུལ་ལས་གཞི་ལ་བརྟེན་ནས་སྡོང་ཕྲུག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཏང་བས། ཡུལ་མིའི་སྡོད་ཁང་དང་ཇ་རའི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། སྐྱེ་ཁམས་མཚམས་མ་ཆད་པར་སླར་གསོ་འབྱུང་གིན་ཡོད་ལ། མིག་སྔའི་བར་རིམ་རྩིས་བྱས་ན་ཕན་འབྲས་ཆུང་བའི་ནགས་ཚལ་མུའུ་ཁྲི0.8ལྷག་བསྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་། རི་རྒྱ་ནགས་གསོ་མུའུ་ཁྲི1.2ལ་སླེབས་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་དེ་དག་གིས“སྤྲིན་ཐོག་ཁྱུང་རྒྱ”སོགས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
ཁྱུང་རྒྱ་ཡི་སྐྱེ་ཁམས་མཛེས་ལྗོངས་དེ“སྐྱེ་ཁམས+རིག་གནས+ཡུལ་སྐོར”བཅས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་མཐོང་ལམ་དུ་མངོན་བཞིན་ཡོད། ཅི་ཧའེ་ཧུང་གིས“དེང་སྐབས་མཐའ་འཁོར་གྱི་སྡེ་མིས་དཔལ་ཡོན་ཚུལ་མཐུན་མིན་པའི་ཡུལ་སྐོར་བྱ་སྤྱོད་རང་འགུལ་ངང་བཀག་འགོག་བྱེད་ཀྱིན་ཡོད”ཅེས་བཤད།
དེ་གར་སྔོ་ལྗང་རི་ཆུ་དེ་གསེར་རི་དངུལ་རིར་འགྱུར་བཞིན་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་འཕར་བཞིན་ཡོད་པར་མ་ཟད།འཚོ་བ་ཡང་སྔར་བས་ཡར་རྒྱས་འགྲོ་བཞིན་ཡོད།