ཞོགས་པའི་ཇ་ཡུན་གསར་འགྱུར།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

-
ས་གནས་དེ་གའི་དུས་ཚོད་ཟླ9ཚེས2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁེ་རོར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།

-
ས་གནས་དེ་གའི་དུས་ཚོད་ཟླ9ཚེས2ཉིན་གྱི་སྔ་དྲོ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེ་རོའི་ཉི་མའི་ཕོ་བྲང་དུ་གྲོས་མོལ་གནང་བ་རེད།

-
ས་གནས་དེ་གའི་དུས་ཚོད་ཟླ9ཚེས2ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་སྐུ་ཟླ་དབྱི་ཐི་སའར་གྱི་ཕེབས་རོགས་འོག་ཨེ་ཅིབ་ཀྱི་རྟེན་མཛོད་ཁང་ཆེན་མོར་གཟིགས་སྐོར་གནང་བ་རེད།
-
ས་གནས་དེ་གའི་དུས་ཚོད་ཟླ9ཚེས2ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་ལས་དོན་མཇུག་སྒྲིལ་བ་རེད།
-
ཟླ9ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནོར་ཝེའི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་པོ་ཧ་ཁང་སྐུ་ཕྲེང་བརྒྱད་པར་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་རེད།
-
ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། ད་ལོ་རྒྱལ་ཡོངས་ཀྱི་སྟོན་འབྲུ་འདེབས་འཛུགས་རྒྱ་ཁྱོན་སྔོན་དཔག་བྱས་ན་བརྟན་པོའི་ཁྲོད་ཅུང་འཕར་ཡོད་པ་རེད། མིག་སྔར་ས་ཁུལ་ཁག་གཅིག་ལ་གནོད་འཚེ་ཕོག་པ་ཕུད་མང་ཆེ་བ་སྐྱེས་ཚུལ་ཡག་པོ་ཡོད།
-
ཉེ་དུས། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས“AIབེད་སྤྱོད་ལ་སྒྲིག་ལམ་མེད་པའི་རྙོག་འཛིང་སྣང་ཚུལ་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་ཀྱི་དུས་མཚམས་གཉིས་པའི་ལས་དོན་སྤེལ་ནས་རྩིས་ཐོའི་ཨང་གྲངས་ཁྲི4.9ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
-
ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་རྫས་སྒྲིག་གཞིར་འཕྲལ་དུ་རྩིས་རྒྱག་པའི་མ་དངུལ་སྒོར་དུང་ཕྱུར9457.31བཏང་ཡོད།

-
ཚེས2ཉིན། བོད་ལྗོངས་སྐྱིད་གྲོང་འགག་སྒོའི་ལྟེ་བའི་ས་ཁོངས་ཀྱི་རོགས་སྐྱོབ་བགྲོད་ལམ་ཤར་གཏོང་ཐུབ་ཡོད། རོགས་སྐྱོབ་མི་སྣ་དང་། རོགས་སྐྱོབ་དངོས་རྫས། སྒྲིག་ཆས་ཁག་གཅིག་བཅས་སྐམ་ལམ་བརྒྱུད་ལྟེ་བའི་ཁུལ་དུ་སྐྱེལ་བ་མ་ཟད་རོགས་སྐྱོབ་ལས་དོན་གཏིང་ཟབ་སྤེལ་ཡོད།
-
ཚེས2ཉིན་གྱི་ཆུ་ཚོད12བར། བོད་ལྗོངས་སྐྱིད་གྲོང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ནང་མི21རྐྱེན་ལམ་དུ་ཤོར་བ་དང་། མི541ལ་འབྲེལ་བ་ཆད། ཤུལ་དངོས847རྙེད།
-
འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱིས་ཨེ་ཅིབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར951.9ཟིན་པ་དང་། དུས་མཚུངས་ལས18.7%འཕར་ཡོད།
-
ཚེས2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ནེ་པ་ལའི་དགོས་མཁོར་གཞིགས་ནས་ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་དངོས་ཟོག་སོགས་ཚུད་པའི་ཛ་དྲག་རོགས་སྐྱོར་དངོས་ཟོག་ཁག་གསུམ་པ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་འབྲེལ་ཁག་གཉིས་པའི་DNAགསལ་འབྱེད་རིགས་གཅིག་མཁས་ཅན་མངགས་རྒྱུ་ཡིན་ཞེས་བཤད་པ་རེད།
སྤྱི་ཚོགས།
-
རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཨེར་ཉི་ནུའོ་ཡིས་རང་རྒྱལ་གྱི་སྟོན་དུས་གནམ་གཤིས་ལ་མུ་མཐུད་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། དེའི་ནང་འབྲི་ཆུའི་ལྷོ་རྒྱུད་དང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དུ་ཆར་བ་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ལ་ཆར་པ་ཆེན་པོ་འབབ་པའི་ཕྱོད་ཚད་ཆེ།
-
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཅུ་ཡིས་སྤྱི་བསྒྲགས་སྤེལ་ནས་སྐྱིད་གྲོང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་གེགས་སེལ་ཞལ་འདེབས་ཐབས་ལམ་ཤར་གཏོང་ཐུབ་ཡོད།
-
དམངས་སྲིད་པུ་སོགས་སྡེ་ཚན་ལྔས་ཉིན་ཤས་གོང་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས་ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་པའི་འཚོ་བའི་གནས་ཚུལ་ལ་དཔེ་འདེམས་བརྟག་དཔྱད་ཐེངས་དྲུག་པ་བྱ་རྒྱུ་རེད།
-
ཧྲན་ཤིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་གཡོད་ཕུའུ་ཡུས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་ནས་ཕྱིར་འབུད་བྱས་པ་རེད།
-
《དྲ་སྦྲེལ་ཆ་འཕྲིན་ནང་དོན་ཐབས་ལམ་མང་པོའི་འགྲེམས་སྤེལ་ཞབས་ཞུའི་དོ་དམ་གཏན་འབེབས》ཟླ9ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
-
གཏན་འབེབས་ནང་དྲ་སྦྲེལ་ཆ་འཕྲིན་གྱི་ནང་དོན་ཐབས་ལམ་མང་པོའི་ཐོག་ནས་སྤེལ་བའི་ཞབས་ཞུའི་སྒྲིག་གཞིར་ཁྲིམས་ལྟར་གཉེར་སྐྱོང་བྱེད་པོའི་ཐོ་འགོད་གཉེར་དགོས་པ་མ་ཟད། ཁྲིམས་ལྟར་དེ་མཚུངས་ཀྱི་སྲིད་འཛིན་ཆོག་འཐུས་ཐོབ་དགོས་པའི་བླང་བྱ་བཏོན་ཡོད།
-
སློབ་དུས་གསར་པར། སློབ་གསོ་པུས་མཛུབ་ཁྲིད་རྩོམ་སྒྲིག་བྱས་པའི《སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་ཀློག་དེབ》རྒྱལ་ཡོངས་སུ་སྤྱོད་མགོ་བརྩམས།
-
རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་ཤེས་བྱའི་བདག་དབང་གི་ལོ་ཚོགས་སྐབས་བཅོ་ལྔ་པ་ཟླ9ཚེས8ནས་ཚེས9ཉིན་བར་པེ་ཅིང་དུ་འཚོག་རྒྱུ་རེད།

-
ཚེས2ཉིན། ཤིན་ཅང་ཨ་ལ་ཧྲན་ལྕགས་ལམ་འགག་སྒོ་ད་ལོར་ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)དུ་བསྐྱོད་པའི་དུས་གཏན་མེ་འཁོར་ཐེངས6000ལས་བརྒལ་ཡོད།
-
ཉེ་ཆར། ཧུའུ་ཉིང་ཧོ་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་འདིང་མགོ་བརྩམས་པ་དང་། ཧུའུ་ཉིང་ཧོ་མྱུར་བགྲོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། ཧྲང་ཧའེ་དང་། ནན་ཅིང་། ཧོ་ཧྥེ་གྲོང་ཁྱེར་བཅས་སུ་མྱུར་བགྲོད་བགྲོད་ལམ་གསར་པ་ཞིག་བསྐྲུན་རྒྱུ་རེད།

-
ཉེ་ཆར། ཧྥུའུ་ཅན་ཕུའུ་ཐེན་གྱི་རླངས་འཁོར་ཞིག་འགྲོ་ལམ་དུ་ཆུ་འཁྱིལ་ནས་བསྣུབས་ཏེ་སྐྱེས་པ་གཅིག་དང་བུད་མེད་གཅིག་རླངས་འཁོར་ནས་བབས་རྗེས་སྟབས་མ་ལེགས་པར་ཆུ་འཁྱིལ་སའི་གཏིང་ཟབ་སར་འཐིམས་སོང་། ཉེན་ཁའི་དུས་སུ་ཁོལ་འཁྱུར་དམག་མི་ཀུའོ་ཧོང་ཕུན་ཆུའི་ནང་དུ་མཆོངས་ནས་ཆུ་ནང་ལྷུང་བའི་བུད་མེད་དེ་བསྐྱབས་པ་དང་། དེ་རྗེས་མེ་གསོད་རུ་ཁག་མི་སྣ་ཐོན་ནས་ཆུའི་ནང་ལྷུང་བའི་སྐྱེས་པ་དེའང་བདེ་བླག་ངང་བསྐྱབས།
དོ་སྣང་།

-
ཉེ་ཆར། སྒེར་སྨྱན་བདག་པོ་ཞིག་གིས་མཚོ་འགྲམ་དུ་སྤྱི་ཕན་གཙང་སེལ་བྱེད་སྐབས། ལོ་གཉིས་སྔོན་གྱི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན《འདི་ནི་ང་ཡི་གླིང་ཕྲན་ཡིན》ཞེས་པའི་ལེ་ཚན་གྱིས་བསྐྱུར་བའི་པར་ལེན་ཡོ་བྱད་འབོར་ཆེན་སྔོག་འདོན་བྱས་པ་རེད། ཡུལ་དངོས་སུ་ལྕགས་སྒྲོམ་བཙའ་ཆགས་པ་སོགས་གད་སྙིགས་གང་སར་བསྐྱུར་ཡོད། ལེ་ཚན་ནང་བརྗོད་པའི“རང་བྱུང་དང་འབྲེལ་འདྲིས་བྱེད་པའི་ལམ་བུ་རྙེད་པའི”ངེས་གནས་དང་ལྡོག་ཡོད་པ་མངོན་གསལ་རེད། མི་དམངས་དཔྱད་བརྗོད་ཀྱིས་བསྟན་དོན། མཛེས་སྡུག་རི་ཆུ་ནི་རིན་མེད་ཀྱི་བརྙན་སྒྱུར་ས་མིན། སྐྱེ་ཁམས་ཁོར་ཡུག་ནི་བཀོལ་ཚར་རྗེས་དོར་ཆོག་པའི་འཁྲབ་ཆས་དེ་བས་ཀྱང་མིན། “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས”བྱེད་པ་ནི་ལེ་ཚན་གྱི་འཁྲབ་གཞུང་ནང་མིན་པ་དང་། སྒྲོག་སྤེལ་གྱི་འབོད་ཚིག་ནང་མིན་པར། དུས་འཁོར་ཧྲིལ་བོའི་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ནང་ཡོད་ཟེར།
འཚོ་བའི་ཞབས་ཞུ།
-
གནམ་གཤིས། སྔོན་དཔག་བྱས་ན། དེ་རིང་། ཀོང་ཏུང་གི་ཤར་རྒྱུད་དང་། ཧྥུའུ་ཅན་གྱི་ས་ཁུལ་མང་ཆེ་བ། ཐའེ་དབན་གླིང་ཕྲན། ཅང་ཤིས་ཀྱི་ས་ཁུལ་མང་ཆེ་བ། ཧུའུ་ནན་གྱི་དབུས་ཤར་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད་དང་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། དེ་བཞིན་ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་། ཧེ་ལུང་ཅང་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།
-
གནམ་བབ། ཚེས3ཉིན། ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་སྐར་མ་པ་སངས་དང་སྐར་མ་ཅའོ་སུའུ་དབྱི་གཉིས་“ཕན་ཚུན་ངོ་འཕྲད”ཀྱི་སྣང་ཚུལ་བྱུང་རྒྱུ་དང་། ཤར་ཕྱོགས་ཀྱི་མཁའ་དབྱིངས་སུ་ཟླ་བ་དང་སྐར་མ་མིག་དམར་ཚོགས་པའི“སྐར་ཟླ་མཉམ་འཛོམས”ཀྱི་རྣམ་པ་བྱུང་རྒྱུ་རེད། གལ་ཏེ་གནམ་གཤིས་བཟང་ན། སྤྲོ་བ་ཡོད་མཁན་ཚོས་གནམ་དཔྱད་རྒྱང་ཤེལ་ལ་བརྟེན་ནས་བལྟས་ན་ལྷག་ཏུ་ལེགས།
-
ཧྲང་ཧའེ། སྐབས48པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་ཚེས23ནས་ཚེས26ཉིན་བར་གཏན་འཁེལ་བྱས་པའི་དུས་ཚོད་ནང་སྤྱི་ཚོགས་ཀྱི་སྤྱི་དམངས་རིན་མེད་ངང་འགྲན་བསྡུར་ལ་ལྟ་བར་གདན་འདྲེན་ཞུ་རྒྱུ་ཡིན་པ་དང་། འགྲན་བསྡུར་ལ་བལྟ་འདོད་ཡོད་པའི་ལྟད་མོ་བས་ངེས་པར་དུ་ཚེས14ཉིན་གྱི་ཆུ་ཚོད24ཡི་སྔོན་དུ“འཛམ་གླིང་འགྲན་བསྡུར་ཀུན་ཁྱབ”ཀྱི་གོ་རིམ་ཆུང་ངུའམ་ཡང་ན་འཛམ་གླིང་འགྲན་བསྡུར་ཤར་གཏོང་APPབརྒྱུད་ནས་ཁ་ཆད་བྱེད་དགོས།