གསར་འགྱུར་གལ་ཆེན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཟླ10པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་རང་བཙན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཏ་ཏ་ཨའེ་དང་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
➤ཟླ10པའི་ཚེས12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུས་ལེ·མ་ཏི་སའེ་ལ་གློག་འཕྲིན་བཏང་ནས་ཁོང་ཨེ་སོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
➤རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བདུན་པ་ཚེས12ཉིན་ཕྱོགས་ཡོངས་ནས་བྱེད་མགོ་ཚུགས་པ་རེད།
➤ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱིས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཐད་ཁྲལ་འཕྲི་དངུལ་གཅོག་སྒོར་དུང་ཕྱུར2000ལས་བརྒལ་བ་རྒྱབ་སྐྱོར་བྱས།
➤སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་འགྲོ་གྲོན23.3%འཕར་ཡོད།
➤ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ནང་གི་ཁྲོམ་རའི་འཕེལ་རྒྱས་ཀྱི་མཉེན་གཤིས་རྒྱུན་མཐུད་ངང་མངོན་ཡོད་པ་རེད།
➤ནོར་སྲིད་པུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་སྤྱི་བསྒྲགས་སྤེལ་ནས2027ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གནས་ཐང་འཕར་ཁྲལ་ཕྱིར་གཏོང་གི་ཁྲལ་སློག་ཁྲལ་ཚད13%ནས9%བར་དམའ་རུ་གཏོང་རྒྱུ་དང་། གློག་རྡུལ་ཐ་མག་སྒྲིག་ཆས་སོགས་ཐོན་རྫས་ཀྱི་གནས་ཐང་འཕར་ཁྲལ་ཕྱིར་གཏོང་ཁྲལ་སློག་མེད་པར་བཟོ་རྒྱུ་རེད།
➤རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས(ཨོའུ་ཕེ་ཁེ)ཀྱིས2026ལོའི་གོ་ལ་ཧྲིལ་པོའི་ཉིན་རེའི་ཆ་སྙོམས་རྡོ་སྣུམ་དགོས་མཁོ་འཕར་བའི་སྔོན་དཔག་དེ་ལོ་མགོའི་ཟོམ་ཁྲི140ནས་ཟོམ་ཁྲི40བར་དམའ་རུ་གཏོང་རྒྱུ་དང་། སྔོན་དཔག་བྱས་ན་དེ་སྔོན་ཕྱིར་གཏོང་ནར་འགྱངས་བྱེད་པའི་དགོས་མཁོ2027ལོར་རིམ་བཞིན་མངོན་རྒྱུ་རེད།

➤ཚེས12ཉིན། སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས2026ལོའི་ནོ་བྷེལ་དཔལ་འབྱོར་རིག་པའི་བྱ་དགའ་ཨ་རིའི་དཔལ་འབྱོར་རིག་པའི་མཁས་ཅན་ལུའོ་པོ་ཐེ·ཧུར་ཨེར་དང་མའེ་ཁེར·ཝུའུ་ཏེ་ཧྥུའུ་ཏེ་ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།
སྤྱི་ཚོགས།
➤མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྔོན་དཔག་བྱས་ན་ཚེས12ཉིན་གྱི་མཚན་མོ་ནས་ཚེས13ཉིན་བར་ནང་སོག་གི་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་མང་ཆེ་བ། ཧྭ་བྱང་གི་བྱང་རྒྱུད་དང་ཤར་རྒྱུད། ཧོང་ཧོའེ་ཡི་ཤར་རྒྱུད་སོགས་སུ་དྲོད་ཚད4~6℃དམའ་རུ་འགྲོ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད8~10℃བར་ཆག་རྒྱུ་རེད།
➤ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་ཆར་རྒྱང་སྐྱོད་རིག་དངོས་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཁྱབ་བསྒྲགས་བྱས་པ་དང་སྲུང་སྐྱོང་བྱ་ཡུལ་ནང་གསར་བརྗེའི་གནས་རྙིང་དང་དམག་འཐབ་ཀྱི་རྗེས་ཤུལ་སོགས་ཚུད་ཡོད་པ་རེད།
➤ཉིན་ཤས་གོང་རང་རྒྱལ་གྱིས་ཆུ་མཛོད་རྙིང་པ་སྒྱུར་བཀོད་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་མགོ་ཚུགས་ཤིང་། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་བར་གྲལ་བཤེར་དཔྱད་དཔོག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱ་རྒྱུ་རེད།
➤ཚེས12ཉིན། ཨན་ཧུའེ་དང་། ཀུའེ་ཀྲོའུ། ཀོང་ཞི། ཀྲེ་ཅང་། ཧྲན་ཏུང་སོགས་ས་ཁུལ་གྱི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འབྲེལ་མཚམས་སྦྱོར་གྱིས་སྒྲིག་འགལ་ངང་མི་གཞན་ལ་ཁྲལ་གཡོལ་བྱེད་རོགས་བྱས་པའི་གྱོད་གཞི5གཅིག་སྡུད་ཐོག་དམར་འདོན་བྱས་པ་རེད།
➤ཚེས12ཉིན། རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཐེངས་གསར་ཤོས་ཀྱི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་ཀྲུང་གོའི་བདམས་ཐོན་པ་ཝང་མན་ཡུས་བུད་མེད་རྐྱང་པའི་འཛམ་གླིང་གི་ཨང་དང་པོར་སླེབས་པ་རེད།
➤ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཧུའུ་ཡིའུ་ཐའོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་ཧུའུ་ཡིའུ་ཐའོ་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བྱས་པ་རེད།
➤ཚེས12ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དགུ་པའི་ནང་འདྲེན་འགྲེམས་དངོས་ཁག་དང་པོ་ཧྲང་ཧའེ་རུ་བདེ་བླག་ངང་འབྱོར་བ་དང་འབྲེལ་འགག་སྒོ་སྒྲོལ་བའི་ལས་དོན་ལེགས་གྲུབ་བྱུང་ཡོད།
➤སྐབས་ཉེར་བརྒྱད་པའི་ཧའར་པིན་གྱི་གངས་འཁྱགས་འཛམ་གླིང་གླིང་ཁུལ་གྱི་ས་ཁྱོན་སྨི་གྲུ་བཞི་མ་ཁྲི125བར་རྒྱ་ཆེར་གཏོང་རྒྱུ་དང་། ཁངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི40ཟིན་ནས་སྐབས་རིམ་བྱུང་གི་གཞི་ཁྱོན་གྱི་མཐོ་ཚད་གསར་པ་བཏོད་ཡོད།

➤ཡུན་ནན་གྱི་ཨའེ་ལའོ་རི་བོར་མེ་ལྕེབ་ཀྱི་རིགས་གསར་པ་སྟེ། ཧྲུའུ་ཧྲ་ཁྲི་མེ་ལྕེབ(殊沙尺蛾)རྙེད།
དོ་སྣང་།

➤ཚེས11ཉིན་ལོ24ལ་སླེབས་པའི་ཀྲེང་ཆིན་ཝུན་གྱིས2026ལོའི་ཀྲུང་གོའི་དྲ་གྲུག་ཡོངས་བསྒྲགས་འགྲན་བསྡུར་ནང་ཨང་དང་པོ་བླངས་ནས་ཀྲུང་གོའི་དྲ་གྲུག་འགྲན་བསྡུར་སྐབས་ཉི་ཤུ་པའི་ནང་བུད་མེད་རྐྱང་བསྡུར་གྱི་ཨང་དང་པོ་ཐོབ་པའི་ཀྲུང་གོའི་བདམས་ཐོན་པ་ཐོག་མར་གྱུར་པ་རེད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། གཟེངས་བུམ་ལས་ཀྱང་ཡིད་དབང་འཕྲོག་པ་ནི་ཀྲེང་ཆིན་ཝུན་ལ་དུས་ཡུན་རིང་པོར་རྨས་སྐྱོན་གྱིས་མནར་ཡང་རང་བརྟག་བྱེད་ཐུབ་པའི་འཚར་ལོངས་ཀྱི་ལམ་བུ་དེ་རེད། འགྲན་རའི་རྒྱལ་ཕམ་ནི་རྒྱུན་རྣམ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ལེན་ཐུབ་མཁན་མེད་པ་དང་། ཕམ་ཁ་ཐེངས་གཅིག་ནི་རྒྱལ་ཕམ་ཐག་གཅོད་ཀྱི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་གཏན་ནས་མིན་པར། དེ་ནི་རང་ཉིད་ལ་ཞིབ་བརྟག་དང་ཞན་ཆ་གསབ་པ། རང་ཉིད་བསྐྱར་སྐྲུན་བཅས་བྱེད་པའི་དུས་སྐབས་ཤིག་ཡིན།
འཚོ་བའི་ཞབས་ཞུ།
➤གནམ་གཤིས། དེ་རིང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧོ་པེའི་ཤར་རྒྱུད། ཧོང་ཧོའེ་ཡི་ཤར་རྒྱུད། ཅང་ཧོའེ་ཡི་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་དང་། དེའི་ནང་ཧྲན་ཏུང་གི་བྱང་རྒྱུད་དང་། ཧུའུ་པེའི་ལྷོ་རྒྱུད། ཁྲུང་ཆིང་གི་དབུས་རྒྱུད། ཡུན་ནན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་འབབ་རྒྱུ་རེད།
➤པེ་ཅིང་། པེ་ཅིང་གྲོང་ཁྱེར་གྱི་གཞུང་ཞབས་པ་འདེམས་སྒྲུག་བྱེད་མགོ་ཚུགས་པ་དང་མིང་ཐོ་འགོད་པའི་དུས་ཚོད་ནི་ཚེས12ཉིན་གྱི་ཆུ་ཚོད9པ་ནས་ཚེས16ཉིན་གྱི་ཆུ་ཚོད18བར་ཡིན་པ་རེད།
➤ཅི་ལིན། ཁྲང་ཁྲུན་གྲོང་ཁྱེར་དང་། པའེ་ཁྲིན་གྲོང་ཁྱེར་གྱི་ཐུང་ཡུས་རྫོང་། ཡན་པེན་ཀྲོའུ་ཐུའུ་མོན་གྲོང་ཁྱེར། ཁྲང་པའེ་རི་བོའི་ནུབ་ཁུལ་བཅས་ཀྱིས་བརྡ་ཐོ་བཏང་ནས་འགག་འབྱེད་དྲོད་འདོན་གྱི་དུས་ཚོད་ཁ་གསལ་བཟོས་པའི་ནང་ཁྲང་ཁྲུན་གྲོང་ཁྱེར་གྱི་དྲོད་འདོན་དུས་ཚོད་ནི་ཟླ10པའི་ཚེས20ནས་ཕྱི་ལོའི་ཟླ4པའི་ཚེས6ཉིན་བར་ཡིན་པ་རེད།