ཞོགས་པའི་ཇ་ཡུན་གསར་འགྱུར།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
-
ཚེས21ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཕྱི་ཕྱོགས་སུ《ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས།
-
ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཚེས21ཉིན《མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་འགན་འཁྲི་བདའ་འདེད་སྲོལ་ཡིག》ཁྱབ་བསྒྲགས་བྱས།

-
ཀྲུང་གོ་མི་དམངས་དངུལ་ཁང་གིས་གོང་ཚེས་ཉིན་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་གསེར་དངུལ་དྲན་གསོའི་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱས།
-
ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་བརྙན་འཕྲིན་རིག་རྩལ་དགོང་ཚོགས《རྒྱང་སྐྱོད་ཀྱི་བསྟོད་གླུ》དེ་དོ་དགོང་གི་ཆུ་ཚོད8པར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སུ་སྟོན་རྒྱུ་རེད།
-
སྡོད་ཁང་འཛུགས་སྐྲུན་པུས་ཉེ་ཆར《ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན(གྲོང་རྡལ་དང་གྲོང་ཚོ)དང་ལོ་རྒྱུས་བཟོ་སྐྲུན་སྲུང་སྐྱོབ་རྒྱུན་འཛིན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས་ཤིང་། 2030ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་བྱ་ཡུལ་གྱི་གྲངས་འབོར་རྒྱུན་མཐུད་ངང་འཕར་རྒྱུ་ཡིན་ཞེས་བཏོན་ཡོད།
-
སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཉོ་ཚོང་ཁྲོམ་རའི་ཚོང་འགྲིག་ཚད་ཏུན་དུང་ཕྱུར10ལས་བརྒལ་ཡོད།
-
ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། སྤྱི་ཚོགས་ཀྱི་འཛད་སྤྱོད་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས2.6%འཕར་ཡོད།
-
ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་ཆན་ཝ་ཆུ་ཚོད་དུང་ཕྱུར80734ཟིན། དེ་དུས་མཚུངས་ལས3.9%འཕར་ཡོད།

-
ཚེས21ཉིན་གྱི་ཆུ་ཚོད11དང་སྐར་མ39སྟེང་། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཧྲན་ཏུང་རི་ཀྲའོ་ཉེ་འགྲམ་གྱི་མཚོ་ཁོངས་སུ་འབྲུ་ལྷའི་སྲུང་སྐར(谷神星)དང་པོ་རྟགས་ཅན་གྱི་མཚོ་འཕེན་རྣམ་པའི་རྒྱང་འཇལ་མདེའུ་ཡི་སྐྱེལ་འདྲེན་འཕུར་མདའ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། འཕེན་གཏོང་བྱས་པའི་ཤིས་འོད་རྟགས་ཅན་གྱི་སྲུང་སྐར01སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་དེ་འཕུར་སྐྱོད་ཚོད་ལྟའི་ལས་འགན་ལེགས་གྲུབ་བྱུང་།
-
ཉེ་དུས་སྐམ་སའི་སྒྱུ་རྩལ་པ་ཀྲང་ལིང་ཧོ་ཡིས་ཐའེ་དབན་དུ་ཕྱིན་ནས་སྤེལ་རེས་བྱེད་རྒྱུའི་རེ་འདུན་ཞུས་པར་དང་ལེན་མ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་ཨ་ལན་བསློགས་ནས། ང་ཚོས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་མཁན་གྱིས་ངོགས་གཉིས་ཀྱི་སྤུན་ཟླའི་སྤེལ་རེས་དང་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་ཐུན་མོང་གི་རེ་འདུན་དང་བསྟུན་པར་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་གཡོ་སྒྱུ་དོར་བ་དང་ལུགས་མཐུན་མིན་པའི་ཚོད་འཛིན་མེད་པ་བཟོས་ནས་ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྟབས་བདེ་བསྐྲུན་དགོས།
སྤྱི་ཚོགས།
-
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། དེ་རིང་ནས་བཟུང་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་དྲོད་ཚད་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་རིམ་བཞིན་འཕར་མགོ་ཚུགས། ཚེས23ཉིན་གྱི་སྔ་རྗེས་སུ་བྱང་ཤར་དང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་ས་ཁུལ་མང་པོའི་དྲོད་ཚད་མཐོ་ཤོས15℃ཡན་ལ་སླེབས་རྒྱུ་དང་། ཧྭ་པེ་དང་ཧོང་ཧོའེ20℃ཡས་མས་སུ་སླེབས་རྒྱུ་རེད།
-
ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཉེ་ཆར《འགྲིམ་འགྲུལ་དོ་དམ་གྱི་གློག་རྡུལ་ལག་ཁྱེར་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ཆོག་འཐུས་ལག་ཁྱེར》གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། 2027ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
-
ཚེས21ཉིན། 2026ལོའི་འཛམ་གླིང་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་ཐོག“ཚན་རྩལ་གྱི་སྔོན་དཔག་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་ཤིང་། དེ་ནི་གསར་རྩོམ་ཚན་རིག་ལ་ཕྱོགས་ནས་ཤེས་རྟོགས་བྱུང་བའི་རང་བརྟེན་ཚན་ཞིབ་རིག་ནུས་གཟུགས་དང་མིས་བཟོས་རིག་ནུས་བདེ་འཇགས་དང་རིན་ཐང་མཉམ་སྒྲིག་བྱེད་པར་ཤུགས་ཆེན་བྱེད་པ་སོགས་རེད།

-
ཚེས21ཉིན། 2026ལོའི་འཛམ་གླིང་ལུས་རྩལ་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་ལུས་རྩལ་པ་རུ་ཁག་གིས་ཨང་གསུམ་པའི་གྲུབ་འབྲས་ལ་བརྟེན་ནས་ལོ་ཧྲན་ཅི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་གདན་ཐོབ་གཏན་འཁེལ་བྱས།

-
ཚེས21ཉིན། འཛམ་གླིང་ཐོག་གི་ལམ་ཐིག་བརྒལ་བ་ཆེས་རིང་བའི་ལྕགས་ལམ་གཉིས་སྤྱོད་ཀྱི་དཔྱང་ཐག་ཟམ་ཆེན་སྟེ་ཁྲུང་ཆིང་ཧོང་ཅང་ཐུའུ་འབྲི་ཆུའི་ཟམ་ཆེན་གྱི་ཟམ་གཙོའི་ལྕགས་ཀྱི་རྒྱུག་གདུང་ལེགས་འགྲུབ་ངང་སྦྲེལ་མཐུད་བྱུང་།
-
སྤྱི་བདེ་པུ་དྲ་བའི་བདེ་འཇགས་ཅུས་རྒྱུས་ལོན་བྱས་པར་གཞིགས་ན། དྲ་ཐོག་བརྒྱུད་སྤེལ་གྱི“སྒྱུ་རྩལ་པ་ཞའོ་ག་གེ་མོའི་གླུ་གཞས་ཆེད་ཚོགས་ཀྱི་གྲལ་སྟར་དང་པོའི་སྒོ་འཛིན་སྒོར་ཁྲི25”ཞེས་པའི་གནས་ཚུལ་དེ་དོན་དངོས་དང་མི་མཐུན། དཀྲོག་གཏམ་ཁྱབ་བསྒྲགས་བྱེད་མཁན་དྲ་དམངས་ཝང་ག་གེ་མོ་སྲིད་འཛིན་བཀག་ཉར་ཉིན་བདུན་བྱས་པ་དང་འབྲེལ་སྒོར་ཆིག་སྟོང་གི་དངུལ་ཆད་བཅད།
-
པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཆིང་ནུས་ཕྱོགས་བསྡུས་བེད་སྤྱོད་ཚོད་ལྟའི་གྲོང་ཁྱེར་ཁྱུ་ཚོགས་ཚེས21ཉིན་དངོས་སུ་སྤེལ་མགོ་ཚུགས་པ་དང་། ཆིང་འབར་རྫས་གློག་རྫས་རླངས་འཁོར་ཁྲི1.2ལས་མི་ཉུང་བ་ཁྱབ་གདལ་གཏོང་རྒྱུ་དང་ཆིང་སྣོན་ས་ཚིགས་ཁྱབ་ཚད100ལས་བརྒལ་རྒྱུ་རེད།
-
ཚེས21ཉིན། ཀྲུང་གོ་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་དངོས་མང་སྟོན་ཚོགས་སྐབས32པ་མགོ་ཚུགས་ཤིང་། འགྲེམས་ཚོགས་ཀྱིས་ཁེ་ལས2770ཡི་ཡིད་དབང་བཀུག་ནས་འགྲེམས་སྟོན་ནང་ཞུགས་ཤིང་། ཚེས24ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད།

-
ཟླ9པར་ཧྲན་ཞིས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི7882.6ཟིན་ནས་ཉེ་བའི་ཟླ་བ་བཞིའི་རིང་གི་ཐོན་ཚད་གསར་བ་བཏོད།
དོ་སྣང་།

-
ཉེ་ཆར། ཐེ་སི་ལ་ཡིས“འཕུར་ཤེས་པའི་རླངས་འཁོར”ཁྱབ་བསྒྲགས་བྱས་པར་གྲོས་བསྡུར་འཁྲུག་པོ་བྱུང་ཡོད། མི་ལ་ལས“ང་ཚོ་གཡུགས་སོང”ཞེས་སྐད་ཅོར་བརྒྱབ་པ་དང་། ཡང་མི་ལ་ལས་ཁྲེལ་དགོད་བྱས་ཏེ་དེ་ནི“མཐོ་ལྡིང་གི་རྩེད་ཆས་ཆེན་པོ་ཞིག”རེད་ཟེར། ཆོད་གཏམ་དེ་གཉིས་སོ་སོར་ཐལ་དྲགས་པ་དང་རང་ཤེད་ཀྱིས་ཐག་གཅོད་བྱས་དྲགས། མི་དམངས་ཚ་གཏམ་གྱིས་དཔྱད་འདེམས་བྱས་ནས་ཡིག་ཆ་བཀྲམ་དོན། རླངས་འཁོར་རྒྱལ་ཁབ་ཆེན་པོ་ནས་རླངས་འཁོར་སྟོབས་ལྡན་རྒྱལ་ཁབ་ཏུ་སྐྱོད་པར་མཁོ་བ་ནི་ཚང་མ་ལས་རྣམ་པར་རྒྱལ་བའི་སེམས་པ་མ་ཡིན་པར་ཁོང་ཡངས་དང་འདྲ་མཉམ་གྱི་སེམས་ཁམས་བཅངས་ནས་སྣེ་ཁྲིད་སྐུལ་ཁྲིད་ཀྱི་རྣམ་པ་ཞིག་གཏོད་དགོས་པ་དེ་ཡིན། མ་འོངས་པའི་འགྲོ་སྐྱོད་ནི་མཚན་ཉིད་བཞག་མེད་པའི་རྒྱང་རྒྱུག་ཅིག་ཡིན་པས་ང་ཚོས་ཡོང་སྲིད་པའི་རང་བཞིན་དེ་བས་མང་བ་མཐོང་འདོད་ཡོད། མིག་ནང་འགྲན་རྩོད་དང་། རྐང་འོག་ཏུ་ངེས་ཤུགས། སེམས་ལ་བཀོད་པ་བཅངས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ན། ཀྲུང་གོའི་རླངས་འཁོར་འཕེལ་རྒྱས་ཀྱི་ལམ་བུ་དེ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་ངེས་རེད།
འཚོ་བའི་ཞབས་ཞུ།

-
གནམ་གཤིས། དེ་རིང་ཤིན་ཅང་བྱང་རྒྱུད་ཀྱི་ཨ་ལེ་ཐའེ་རི་ཁུལ་དང་། ཐ་ཁྲེང་གི་ས་བབ་མཐོ་བའི་རི་ཁུལ། ཐེན་ཧྲན་རི་བོའི་རྒྱུད་དང་དབྱི་ལི་ལུང་ཁུལ། མཚོ་སྔོན་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་ནམ་ཁངས་ཆར་འདྲེས་མ་བབས་པ་དང་། དེའི་ནང་ཞིན་ཅང་དབྱི་ལི་ལུང་གཞུང་གི་ཤར་རྒྱུད་དུ་ཁངས་ཆེན་དྲག་པོ་བབས་རྒྱུ་རེད། ཡུན་ནན་གྱི་དབུས་ལྷོའི་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་ཡོད་ཅིང་། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་ས་ཁུལ་དུ་དྲག་ཆར་དང་དྲག་ཆར་ཆེན་པོ་ཡོད།
-
པེ་ཅིང་། ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི“དཔའ་བོའི་མཚན་སྙན་ནམ་ཡང་གནས། གཏམ་སྙན་ལོ་རྒྱུས་ཡུན་དུ་བརྒྱུད་པ་སྟེ། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་རིག་དངོས་མཉམ་འབྲེལ་འགྲེམས་སྟོན”དེ་ཟླ10པའི་ཚེས31ཉིན་ནས་བཟུང་སྤྱི་དམངས་ལ་དངོས་སུ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་ལྟད་མོ་བས་ལྟ་སྐོར་བྱས་ཆོག
-
ཐེན་ཅིན། གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་བརྡ་ཐོ་བཏང་ནས། རང་སྡོད་སྡོད་ཁང་གི་དངོས་ལས་གྲོན་དངུལ་དང་། གསར་དུ་ཉོས་པའི་རང་སྡོད་སྡོད་ཁང་གི་སྒྲིག་སྦྱོར་ཉམས་གསོའི་གྲོན་དངུལ། རང་སྡོད་སྡོད་ཁང་མཛེས་བཟོ་བྱེད་པའི་གྲོན་དངུལ་གསར་པ་ལེན་པ་བཅས་ཀྱི་གནས་ཚུལ་གསར་སྣོན་བྱས་ཡོད།