རིག་གནས་ཀྱིས་སྟེགས་བུ་བཙུགས་ནས་མི་རྣམས་འདུ་འཛོམས་དང་ཡུལ་སྐོར་གྱིས་ནུས་པ་སྤྲད་དེ་ཡོང་འབབ་འཕར་སྣོན་གཏོང་བ། རྐང་ཚ་རྫོང་གི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པས་མཚོ་སྐོར་གྲོང་གསེབ་གསར་དར་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཚེ་བརྟན་བཀྲ་ཤིས།
ཟླ་བཅུ་པ་ནས་བཟུང་། རྐང་ཚ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྣེ་ཁྲིད་དང་གཅིག་གྱུར་འཆར་འགོད་བྱས་ཏེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོགས་མཚོ་སྐོར་འབྲོག་ལས་རིག་གནས་(མཚོ་བྱང་)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ། བྱེད་སྒོ་རེ་རེ་ས་གནས་དེ་གར་སྤེལ་བ་དང་། གཞི་རིམ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། ཞུགས་པའི་ཚད་གཞི་དམའ་རུ་གཏོང་བ། འབྲོག་པ་རྣམས་རང་ཁྱིམ་སྒོ་འགྲམ་དུ་རྣམ་པ་ཕུན་སུམ་ཚོགས་པའི་རིག་གནས་དུས་ཆེན་ནང་མཉམ་ཞུགས་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད། ཡུལ་ཚོ་དང་གྲོང་རྡལ་ཁག་གིས་རྩྭ་ཐང་གི་སྣོད་བཅུད་ཁྱད་ཆོས་དང་འབྲོག་དམངས་དམངས་སྲོལ་ཐོན་ཁུངས་གཞིར་བཟུང་ནས། "རིག་གནས་སྟེགས་བུ་བསྐྲུན་པ་དང་། ཐོན་ལས་འཁྲབ་སྟོན་བྱེད་པ། དམངས་ཕན་ཡོང་འབབ་འཕར་སྣོན་"བཅས་ཀྱི་ལས་དོན་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྱེད་སྒོ་བརྒྱུད་དེ་མི་རྣམས་འདུ་འཛོམས་དང་དང་ཚོང་ལས་འདུ་འཛོམས། གྲོང་གསེབ་འཛད་སྤྱོད་ཁྲོམ་ར་གསོན་ཤུགས་ཆེན་པོ་རྒྱས་པར་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་། ཞིང་ཕྱུགས་མཉམ་ལས་ཁང་། རྒྱ་ཆེའི་རོང་འབྲོག་མང་ཆེ་བར་ཡོང་འབབ་སྣ་མང་ཡོང་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། སྣོད་བཅུད་རིག་གནས་ཐོན་ཁུངས་དེ་དངོས་ཡོད་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་ཐུབ་ཅིང་། རིག་གནས་དམངས་ཕན་དང་མི་དམངས་ཕྱུག་འགྱུར་གཉིས་ཀར་ནུས་པ་བཟང་པོ་ཐོན་པ་རེད།




མཚོ་སྐོར་འབྲོག་ལས་རིག་གནས་(མཚོ་བྱང་)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྡོམ་རྩིས་ལྟར་ན་རྫོང་ནང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་། ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་མང་ཚོགས། དེ་བཞིན་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་བསྡོམས་ཐེངས་གྲངས་ཁྲི་༡༧ལྷག་ཙམ་གྱིས་དངོས་སུ་ཉམས་ལེན་བྱས། ས་ཆ་སོ་སོ་ནས་གནས་སྐབས་ཚོང་འདུས་བཀོད་སྒྲིག་ལེགས་པོ་བྱས་ཤིང་། མི་རིགས་བཟའ་བཏུང་དང་། རྩྭ་ཐང་ཁྱད་ལྡན་ཟས་རིགས། ཞོར་ཟས་ཚོང་ཟོག་སྣ་ཚོགས། དམངས་སྲོལ་རྒྱན་ཆ། ཤུལ་བཞག་རིག་གནས། བྱིས་རྩེད་སྒྲིག་ཆས་སོགས་ལས་རིགས་སྣ་ཚོགས་ཆ་ཚང་ཡོད་ལ། གནས་སྐབས་ཚོང་ཁང་དང་ཞབས་ཞུའི་ས་ཚིགས་རིགས་མི་འདྲ་བ་༤༠༠ལྷག་བསྡུས་ཡོད། གཉེར་སྐྱོང་མཁན་ཚོས་དུས་སྟོན་གོ་སྐབས་དམ་འཛིན་གྱིས་ལས་ཀ་གཉེར་བ་དང་། ཡུལ་དངོས་ཉོ་འཚོང་ཁོར་ཡུག་ཛ་དྲག་ཆགས་ཏེ་"བྱེད་སྒོ་གཅིག་གིས་ས་ཁུལ་ཡོངས་རྫོགས་འགུལ་སྐྱོད་ཐེབས་པའི་"འཛད་སྤྱོད་སྐུལ་འདེད་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད། དེས་རྫོང་ཡོངས་ཀྱི་གྲོང་གསེབ་དངོས་གཟུགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་ཕན་ནུས་གལ་ཆེན་བཏོན་ཡོད་ལ། བྱེད་སྒོ་འདི་དག་གིས་ཚོང་ཁང་གླ་གཏོང་དང་ས་ཞིང་བོགས་མར་གཏོང་བ་སོགས་ཁྲོམ་རའི་འཁོར་སྐྱོད་བྱེད་སྟངས་སྤྱད་དེ་གྲོང་ཚོ་མཉམ་སྡེབ་དཔལ་འབྱོར་ཐད་ཀར་སྒོར་ཁྲི་༤.༤ཙམ་འཕར་སྟེ། ཚོང་ར་སོ་སོའི་ཚོང་བདག་ཚང་མས་ཁེ་སྤོགས་སྤྱིའི་ཆ་ནས་སྒོར་འབུམ་༥ལྷག་མངོན་འགྱུར་བྱུང་ཞིང་། འབྲོག་ཁུལ་གྱི་ཐང་ཚོང་དཔལ་འབྱོར་གསོ་སྐྱོང་གང་ལེགས་དང་སྐུལ་སློང་ནུས་ལྡན་ཐོབ་ཡོད།




མཚོ་སྐོར་འབྲོག་ལས་རིག་གནས་(མཚོ་བྱང་)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་དང་མཉམ་དུ་ཞིང་ལས་ཐོན་རྫས་དང་དམངས་ཁྲོད་ལག་ཤེས་བཟོ་རྩལ་འགྲེམས་སྟོན་བྱེད་ས་ཆེད་འཛུགས་བྱས་ཏེ། ཁྱིམ་ཚང་ཕྱུགས་རྭ་དང་། ཞིང་འབྲོག་མཉམ་ལས་ཁང་། ཁེ་ལས་ཆུང་གྲས་ཁག་ཅིག་གཅིག་བསྡུས་ངང་འགྲེམ་སྟོན་ནང་ཞུགས་པ་སྟེ། འབྲོག་པའི་ཤ་སྐམ་དང་། མཐོ་སྒང་འོ་མ། མར། རྩམ་པ་སོགས་ལྗང་མདོག་ཞིང་ལས་ཐོན་རྫས་དང་། བོད་ཀྱི་ཐགས་འཐག་སྒྱུ་རྩལ། ཐང་ག་རི་མོ། མི་རིགས་རྒྱན་ཆ་སོགས་རིག་གནས་གསར་གཏོད་སྒྱུ་རྩལ་དངོས་རྫས་མང་པོ་བཤམས་སྟོན་བྱས་ཡོད། རོང་འབྲོག་པས་འཁོར་རྒྱུག་ལྷུ་ཚིགས་བར་མ་བརྒལ་བར་ཐོན་རྫས་ཐད་ཀར་མཐའ་སྣེའི་ཁྲོམ་རར་མཁོ་འདོན་བྱས་པས། ཁེ་ཕན་ཚང་མ་ཞིང་པ་རང་ཉིད་ཀྱི་ལག་ཏུ་ཐོབ་པ་རེད། དུས་མཚུངས་སུ། གནས་གཞི་འཛུགས་པ་དང་། སྒྲིག་ལམ་སྲུང་སྐྱོབ། རྒྱབ་ཕྱོགས་འགན་ལེན། ཡུལ་དངོས་ཞབས་ཞུ་སོགས་ལས་གནས་དག་ཡུལ་འདིའི་རོང་འབྲོག་པར་སྔོན་ལ་སྒོ་འབྱེད་བྱས་ཏེ། མི་གྲངས་༦༠ཡན་ཟིན་པའི་རོང་འབྲོག་པ་གནས་སྐབས་ལས་ཞུགས་བྱེད་པར་སྐུལ་མ་བཏང་བ་དང་། འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ཁྱིམ་སྒོ་ཁར་སྟབས་བསྟུན་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ངལ་ནུས་ཡོང་འབབ་ཡོང་ཁུངས་རྒྱ་ཆེ་རུ་བཏང་ཡོད། བྱེད་སྒོ་འདིས་དུས་ཡུན་ཐུང་ངུའི་ནང་འཛད་སྤྱོད་ཕན་པར་མ་ཟད། རྫོང་ཡོངས་ཀྱི་ཕྱུགས་ལས་སྤུས་ཚད་མཐོར་འདེགས་ངང་འཕེལ་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱིས་ཡུན་རིང་གོང་འཕེལ་འགྲོ་བ་བཅས་ལ་སྒུལ་ཤུགས་བསྣན་ཡོད། བྱེད་སྒོ་ཕལ་མོ་ཆེར་སོན་བཟང་ཕྱུགས་ཟོག་འགྲན་བསྡུར་དང་། སྲོལ་རྒྱུན་ཕྱུགས་ལས་ལག་རྩལ་འགྲན་སྡུར། གསོ་ཚགས་ཡོ་བྱད་རྙིང་པ་དང་གསར་པའི་དངོས་པོ་བསྡུར་འགྲེམ་སོགས་ཁྱད་ལྡན་ལས་གཞི་བཙུགས་ཏེ། ལུག་དཀར་དང་ནོར་ནག་སོགས་ས་གནས་ཀྱི་རྒྱུད་བཟང་སོན་བཟང་ཐོན་ཁུངས་གཅིག་བསྡུས་སྒོས་འགྲེམས་སྟོན་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ་འདུ་ཤེས་ཁྱབ་གདལ་ཅན་དུ་བཏང་བ། སྲོལ་རྒྱུན་ཕྱུགས་ལས་དེང་རབས་ཅན་དུ་འཕོ་འགྱུར་འབྱུང་བཞིན་པའི་གྲུབ་འབྲས་མངོན་པར་བསྟན་ནས། རྫོང་ཡོངས་ཀྱི་ཕྱུགས་རིགས་ལེགས་བཅོས་དང་ཁྱད་ལྡན་ཕྱུགས་ལས་རྣམ་གྲངས་སྐྱེད་སྲིང་ཁྱབ་སྤེལ་བྱ་རྒྱུར་སྤེལ་རེས་དང་འགྲེམ་སྟོན་གྱི་སྡིངས་ཆ་མཁོ་སྤྲོད་བྱས་ཡོད།


ཐེངས་རྗེས་མར། རྐང་ཚ་རྫོང་གིས་མུ་མཐུད་དུ་མཚོ་སྐོར་འབྲོག་ལས་རིག་གནས་(མཚོ་བྱང་)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་གོ་སྐབས་བེད་སྤྱོད་ཡག་པོ་བྱས་ཏེ། "སྐྱེ་ཁམས་སྔོན་ཐོབ་དང་། རིག་གནས་ནུས་སྤྲོད། དམངས་ཕན་ཕྱུག་འགྱུར་"གྱི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས། འབྲོག་ལས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རྩྭ་ཐང་རིག་གནས་ཡུལ་སྐོར་མྱོང་རོལ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རིག་གནས་བྱེད་སྒོ་དང་། ཕྱུགས་ལས་ཐོན་ལས། གྲོང་གསེབ་ཡུལ་སྐོར་གསུམ་ཟུང་སྦྲེལ་དམ་ཟབ་ཡོང་བ་བཅས་བྱས་ཏེ། སྐྱེ་ཁམས་རིག་གནས་ཀྱིས་ས་ཁོངས་དཔལ་འབྱོར་སྤུས་ལེགས་གོང་དུ་འཕེལ་བའི་དགེ་མཚན་དོན་དངོས་སུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་ཧུར་ཐག་བྱ་རྒྱུ་རེད།