གསར་འགྱུར་གལ་ཆེན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
-
རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུ་ལེན་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ་བ་དང་ལོ་གོང་མ་ལས་མགྱོགས་པ་ཡོད། དུས་མཚུངས་སུ་དགུན་དཔྱིད་འདེབས་འཛུགས་ཀྱང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་དགུན་དུས་གྲོ་བཏབ་ཚད་བརྒྱ་ཆའི་སུམ་ཅུ་ཟིན་ཡོད།
-
ཚེས28ཉིན་བར་དུ། 2026ལོའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་གསར་པ་ཚང་མ་བཀོད་སྒྲིག་བྱས་ཟིན་པ་དང་བསྡོམས་འབོར་སྒོར་དུང་ཕྱུར8000ཡིན།
-
བཟོ་ལས་དང་ཆ་འཕྲིན་པུ་སོགས་སྡེ་ཁག་བརྒྱད་ཀྱིས་ཡིག་ཆ་བཏོན་ནས། སྤྱི་ལོ2030ལོར་སླེབས་སྐབས། འཕྲུལ་ཆས་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་རྨང་གཞིའི་ཐོན་རྫས་ཁག་ཅིག་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཚོང་རྟགས་གྲགས་ཅན་ཁ་ཤས་ཆགས་ཐུབ་པ་བྱ་རྒྱུ་དང་། ཐོན་ལས་རྨང་གཞི་ནུས་པ་སྤྱི་ཡོངས་ནས་རྒྱལ་སྤྱིའི་སྔོན་ཐོན་གྲལ་དུ་སླེབས་པ་བྱ་དགོས་ཚུལ་བསྟན་པ་རེད།
-
རུ་འཁྱུར་དམག་མི་ལས་དོན་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ལྷོ་ཁོ་རེ་ཡར་བཞུགས་པའི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དཔའ་བོའི་སྐུ་ཕུང་ངོས་འཛིན་ལས་ཀ་ཡར་རྒྱས་བྱུང་བ་དང་། དཔའ་བོ་བརྒྱད་ཀྱི་ཐོབ་ཐང་གཏན་འཁེལ་ཐུབ་ཡོད།
-
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གྲོས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ། དེ་སྔའི་རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་བའི་བློ་མཐུན་ལིའུ་ཡན་ཏུང་ལགས་ནད་གཞིས་རྐྱེན་པས་སྤྱི་ལོ2026ལོའི་ཟླ10ཚེས28ཉིན་གྱི་ཆུ་ཚོད14དང་སྐར་མ53ཐོག་པེ་ཅིང་དུ་དགོངས་པ་རྫོགས་པ་དང་། དགུང་ལོ་གྱ་གཅིག་ཡིན་པ་རེད།
-
ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསལ་བསྒྲགས་བྱས་པ་ལྟར་ན། སུའེ་ཙེར་མཉམ་འབྲེལ་སྲིད་གཞུང་གི་ཀྲུའུ་ཞིས་ཟླ་བ10ཚེས30ནས་ཟླ་བ11ཚེས1བར་རང་རྒྱལ་ལ་ལས་དོན་འཚམས་འདྲི་གནང་རྒྱུ་རེད།

-
རྒྱལ་ཁབ་རིག་དངོས་ཅུས་ཚེས28ཉིན་ཁན་པེ་རར་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་མཛེས་རྩལ་ཁང་གིས་ཕྱིར་སྤྲད་པའི་ཀྲུང་གོའི་རིག་གནས་ཤུལ་བཞག་དངོས་པོ2རྩིས་ལེན་བྱས།
-
ཚེས28ཉིན། སི་ཕེན་དུ་མྱུར་བགྲོད་ལྕགས་ལམ་མེ་འཁོར་གདོང་ཐུག་དོན་རྐྱེན་ཞིག་བྱུང་སྟེ། མི50ལྷག་རྐྱེན་ལམ་དུ་ཤོར་བ་དང་མི179ལ་རྨས་སྐྱོན་ཕོག་ཅིང་། གདོང་གཏུག་ཐེབས་པའི་མེ་འཁོར་ནང་ཀྲུང་གོའི་སྤྱི་དམངས4ཡོད་པ་ལས། ད་ལྟའི་བར་ཀྲུང་གོའི་སྤྱི་དམངས་ཤི་རྨས་སྐོར་གྱི་སྙན་ཞུ་འབྱོར་མེད།
-
ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཚེས28ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཡུག་རེན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་གཉིས་ཐུག་འཕྲད་དེ"མགྱོགས་མྱུར"ཡོང་ངེས་ཡིན་ཚུལ་བརྗོད་པ་རེད།
སྤྱི་ཚོགས།
-
དེ་རིང་ནས་བཟུང་། གྲང་རླུང་གསར་པ་ཞིག་གིས་རང་རྒྱལ་བྱང་ཕྱོགས་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ནང་སོག་དབུས་ཤར་རྒྱུད་དང་བྱང་ཤར་ས་ཁུལ། ཧྭ་པེ་བྱང་རྒྱུད་བཅས་སུ་དྲོད་ཚད4℃—8℃མར་ཆག་སྲིད་ལ། ས་གནས་ཁ་ཤས་ཀྱི་དྲོད་ཚད10℃ཡན་ཆག་སྲིད།
-
ཚོང་དོན་པུའི་གནས་ཚུལ་ལྟར་ན། ཐོན་རྫས་རྙིང་པ་གསར་བརྗེས་ཀྱིས་ཚོང་འབབ་སྒོར་དུང་ཕྱུར་ཁྲི2ལས་བརྒལ་བ་བྱུང་བ་དང་། མི་གྲངས་དུང་ཕྱུར2.5ལྷག་ལ་ཕན་པ་ཐོབ་ཡོད།
-
ད་ལོའི་སྔོན་གྱི་དུས་ཚིགས་གསུམ་རིང་དུ། རྨ་ཆུའི་འབབ་ཡུལ་དུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི5ལས་བརྒལ་ཏེ་སྒོར་དུང་ཕྱུར5.58ལ་སླེབས་པ་དང་། དུས་མཚུངས་ལས17.5%འཕར་སྣོན་བྱུང་ཡོད།
-
ཀྲུང་དབྱང་དངུལ་ཁང་གི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། སྤྱི་ལོ2026ལོའི་དུས་ཚིགས་གསུམ་པའི་མཇུག་ཏུ། ཚན་རྩལ་གསར་གཏོད་ཁེ་ལས་ཆུང་འབྲིང་ལ་དངུལ་བུན་རྒྱབ་སྐྱོར་ཐོབ་པ་ཁྲི30.73ཡོད་པ་དང་། དངུལ་བུན་ལེན་ཚད51.1%ཡིན།
-
ཉེ་ཆར་པེ་ཅིང་ཐེན་ཅིན་ཧོ་པེ་བཅས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མཉམ་འབྲེལ་གྱིས་ཚོང་ལས་ལག་ཁྱེར་ས་ཁོངས་ཡོངས་སུ་ཐག་ཉེ་སར་སྒྲུབ་ཆོག་པའི་ཞབས་ཞུ་སྤེལ་བས། ཞིང་ཆེན་ཕན་ཚུན་དབར་ལས་དོན་སྒྲུབ་པ་དེ་བས་སྟབས་བདེ་རུ་ཕྱིན་ཡོད།
-
ཀོང་པེ་འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧེ་གཞུང་ལམ་སྒོ་ཕྱེས་ཚུན་དུ། ཟམ་ཁ་བརྒྱུད་དེAPECདཔལ་འབྱོར་གཟུགས་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིན་ཐང་ཁྱོན་སྒོར་དུང་ཕྱུར10927.4ལ་སླེབས་ཡོད།

-
ཉིན་ཤས་གོང་དུ། མཁའ་དབུགས་ཕྱོགས་བསྡུས་བརྟག་དཔྱད་སྐྱེལ་འདྲེན་གནམ་གྲུ12Fཡིས་འཕུར་སྐྱོད་ལས་འགན་ཚང་མ་ཧར་པིན་གྲོང་ཁྱེར་དུ་ལེགས་འགྲུབ་ངང་ལག་བསྟར་བྱས་ཏེ། སྦགས་བཙོག་དངོས་པོ་མང་པོ་དང་སྤྲིན་ཆུ་རྫས་འགྱུར་ཚོར་སྐྱེན་འཚོལ་ཞིབ་ཐུབ་པ་མངོན་འགྱུར་བྱུང་ཡོད།
-
ཟླ10ཚེས28ཉིན་བར་དུ། རང་རྒྱལ་གྱི་ཆེས་བྱང་ཕྱོགས་ལྕགས་ལམ་ཧ་དབྱི་མྱུར་བགྲོད་མེ་འཁོར་འཁོར་སྐྱོད་བྱས་ནས་ཟླ་བ་གཅིག་འཁོར་བ་དང་། འགྲུལ་པ་མི་ཐེངས་ཁྲི45.3བསྐྱལ་ཡོད།

-
རང་རྒྱལ་ཚན་རིག་ཞིབ་འཇུག་ཚོགས་པས་ཀོང་ཞི་པེ་ཧེ་ཝེ་ཀྲོའུ་གླིང་ཕྲན་ཉེ་འཁོར་དུ་པུ་ཧྲི་ཉ་རིགས་དྲུག་གིས་མཉམ་དུ་ཟས་འཚོལ་བ་དང་མ་བུ་གཉིས་ཀས་ཟས་རིགས་འཚོལ་བཞིན་པའི་པར་རིས་དཀོན་པོ་དེ་དག་པར་དུ་ཕབ་ཐུབ་ཡོད།
དོ་སྣང་།

-
ཉེ་ཆར་འཇར་པན་གྱི་འཁྲབ་སྟོན་པ་གྲགས་ཅན་ཞིག་གིས་འཁྲབ་སྟོན་བྱས་ཤིངTBSབརྙན་འཕྲིན་ལས་བསྟན་པའི་ཟློས་གར་ཞིག་གིས་ཀྲུང་གོ་ལ་དམའ་འབེབས་དང་། ཀྲུང་གོའི་འཇིགས་སྐུལ་རིང་ལུགས་འུད་སྒྲོག་བྱས་པ། གནོད་འཚེ་གཏོང་མཁན་དང་གནོད་ཡུལ་གྱི་ལོ་རྒྱུས་ཀྱི་གཏམ་རྒྱུད་གོ་ལྡོག་པ་བཅས་ལས་དྲ་རྒྱའི་ཐོག་ཁོང་ཁྲོ་ཆེན་པོ་བསླངས་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་བརྗོད་སྤེལ་བ་འདི་ལྟ་སྟེ། བཙན་འཛུལ་པས་ཀྲུང་གོའི་མི་སེར་དཀྱུས་མ་རྣམས་ལ་མནར་གཅོད་བཏང་བའི་མཚོན་རྟགས་དེ་འཇར་པན་གྱི་གློག་བརྙན་འདིས་རྫུན་བཟོ་བྱས་ཤིང་། དེ་དཀར་ནག་གོ་ལྡོག་པ་མ་ཟད། ཀྲུང་གོ་བའི་སེམས་ལ་ཐེངས་གཉིས་པར་གནོད་པ་བཟོས་པ་ཡིན་ལ། དེ་བས་ཀྱང་མིའི་རིགས་ཀྱི་ཀུན་སྤྱོད་བཟང་པོ་ལའང་མངོན་སུམ་འཛེམ་མེད་ངང་འགྲན་སློང་བྱས་པ་རེད། ལོ་རྒྱུས་བཟོ་བཅོས་རྒྱག་མི་རུང་ལ། ཚད་གཞི་གང་ཡང་མེད་པའི་འཇར་པན་གྱི་གློག་བརྙན་ཞིག་གིས་སྒྱུར་བཅོས་གཏོང་ཐབས་མེད། རང་ཉེས་དག་འབུད་བྱེད་ཐབས་གང་སྤྱད་ཀྱང་བཙན་འཛུལ་གྱི་དཔང་རྟགས་བསུབ་མི་ཐུབ་ལ། ངན་སེམས་བཅངས་ནས་སྐྱོན་འཛུགས་ཇི་ལྟར་བྱས་ཀྱང་ཀྲུང་གོ་འཕེལ་རྒྱས་འགྲོ་བཞིན་པའི་གོམ་སྟབས་འགོག་ཐབས་བྲལ།
འཚོ་བའི་ཞབས་ཞུ།

-
གནམ་གཤིས། དེ་རིང་ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ནུབ་ཕྱོགས་རི་ཁུལ། བོད་ལྗོངས་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་གནས་ཁག་ཅིག་ཏུ་ཁངས་ཆེན་འབབ་ཀྱི་ཡོད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད་དང་སི་ཁྲོན་ཤར་རྒྱུད། ཡུན་ནན་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་ཤར་རྒྱུད་སོགས་ས་ཆ་འགའ་ཞིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ཁྲོད་ཧའེ་ནན་གླིང་ཕྲན་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།
-
རྒྱུགས་ཚད། 2027ལོའི་ཀྲུང་དབྱང་ལས་ཁུངས་ཁག་ཏུ་ལས་བྱེད་པ་འདེམས་སྒྲུག་དང་གདན་ཞུའི་མིང་ཐོ་འགོད་མགོ་བརྩམས་ཤིང་། མི་གྲངས213བསྡུ་རྩིས་ཡོད་པ་དང་། ཡིག་རྒྱུགས་ཟླ11ཚེས28ཉིན་ལེན་འཆར་ཡོད་པ་རེད།
-
ཝུའུ་ཧན། ས་འོག་ལྕགས་ལམ12པ་དེ་རིང་ནས་བཟུང་ལམ་ཐིག་ཧྲིལ་པོ་སྦྲེལ་མཐུད་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། མཁར་གྲོང་ལྟེ་ཁུལ7འབྲེལ་མཐུད་བྱུང་ཞིང་། འགྲུལ་བཞུད་ཆ་ཚང་ལ་དུས་ཚོད་སྐར་མ96ཡས་མས་འགོར་གྱི་ཡོད།