རྐང་ཚ་རྫོང་གིས་ཧྥུའུ་ཉུང་བའི་བདེ་ཐང་ཇ་བག་སྦྱིན་པའི་མཛད་སྒོ་སྤེལ།
发布时间:2023年08月15日 消息来源:

རྐང་ཚ་རྫོང་གིས་ཧྥུའུ་ཉུང་བའི་བདེ་ཐང་ཇ་བག་སྦྱིན་པའི་མཛད་སྒོ་སྤེལ།

ཡོང་ཁུངས། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ།   ཡིག་སྒྱུར། རྐང་ཚ་རྫོང་བོད་སྐད་ཡིག་ལས་དོན་ལྟེ་གནས། 

  ཉེ་ཆར།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་ནས་རིགས་སོ་སོའི་མང་ཚོགས་ལ་བདེ་ཐང་དང་ཚན་རིག་དང་མཐུན་པའི་ཇ་འཐུང་བའི་གོམས་གཤིས་འཇགས་པར་ཁྲིད་སྟོན་བྱེད་པ་དང་།ཧྥུའུ་ཉུང་བའི་བདེ་ཐང་ཇ་ཁྱབ་གདལ་ཤུགས་ཆེན་གཏོང་བ།ཇ་འཐུང་བའི་རྣམ་པས་ཧྥུའུ་ཉུང་བའི་ནད་རིགས་མཆེད་པར་གཏན་འགོག་བཅས་བྱ་ཆེད།རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་མི་རིགས་ཆོས་ལུགས་ལས་དོན་ཅུས་ལས་བཟོ་བའི་རིག་གནས་ཐང་ཆེན་དུ་ཧྥུའུ་ཉུང་བའི་བདེ་ཐང་ཇ་གཏོང་སྦྱིན་གྱི་མཛད་སྒོ་འཚོགས་པ་དང་།རྫོང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་བུན་ཞུན་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་ཞིང་།ཡུལ་ཚོ་དང་གྲོང་རྡལ་ཁག་གི་འགན་འཁུར་བ་གཙོ་བོ་དང་།ཡུལ་ཚོ་དང་གྲོང་རྡལ་གྱི་འཐུས་མི།དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི14བཅས་ཁྱོན་མི800ལྷག་ཙམ་མཛད་སྒོར་ཞུགས། 

    བུན་ཞུན་གྱིས་གོ་བདེ་ཤེས་སླ་བའི་སྐད་ཆ་དང་།དཔེ་མཚོན་དངོས་འདྲེན་པ།ཡང་ན་ཉེ་འགྲམ་གྱི་གཏམ་རྒྱུད་ཤོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་ཇ་ཁྱབ་གདལ་གཏོང་རྒྱུའི་གལ་ཆེའི་དོན་སྙིང་དྲིལ་བསྒྲགས་དང་འགྲེལ་བཤད་བྱས་པ་དང་།དེ་བཞིན་ཡུན་རིང་འཐུང་བཞིན་པའི་ཧྥུའུ་འདུས་ཚད་མཐོ་བའི་ཇ་ཡིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་བ་དང་།ཇི་ལྟར་བདེ་ཐང་རིགས་ཀྱི་ཇ་འཐུང་བ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཧྥུའུ་འདུས་ཚད་མཐོ་བའི་ཇ་འཐུང་བའི་གོམས་གཤིས་ངན་པ་མེད་པ་བཟོས་ཏེ་ཚན་རིག་དང་མཐུན་པ།བདེ་ཐང་ལ་འཚམ་པའི་ཇ་འཐུང་བར་ཁྲིད་སྟོན་བྱས།ཁོས་བསྟན་དོན།ཧྥུའུ་ཉུང་བའི་བདེ་ཐང་ཇ་ཁྱབ་གདལ་གཏོང་རྒྱུ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་ས་ཁུལ་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་མང་ཚོགས་ལ་ཐུགས་ཁུར་གནང་བ་ཞིག་ཡིན་ལ།དམངས་ཚིས་ལ་དོ་ཁུར་དང་མཐོང་ཆེན།འགན་ལེན།ལེགས་བཅོས་གཏོང་བ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད། རྒྱ་ཆེའི་མང་ཚོགས་ཀྱིས་རྟག་ཏུ་དྲིན་ཚོར་བའི་བསམ་པ་བཅངས་ཏེ།ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་གི་བརྩེ་སེམས་བློ་ལ་བརྟན་པོར་བཅངས་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཛུགས་དགོས།  

    ད་རེས་ཀྱི་བྱེད་སྒོར་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ5དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ14ལ། ཁྱོན་སྡོམ་རིན་ཐང་ལ་ཁྲི49ཡི་ཧྥུའུ་ཉུང་བའི་བདེ་ཐང་ཇ་བག15958རིན་མེད་ངང་གཏོང་སྦྱིན་གནང་བ་དང་།འཕྲེད་དར3བཀལ།དེས་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་ངང་ཇ་འཐུང་བའི་དོན་སྙིང་གལ་ཆེན་ཡོད་པར་ངོས་འཛིན་གང་ལེགས་ཐུབ་པ་བྱུང་བ་མ་ཟད།རྒྱ་ཆེའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་བརྩེ་སེམས་ཚོར་ཐུབ་པ་དང་།མང་ཚོགས་ལ་བདེ་སྣང་དང་ཐོབ་སྣང་།སྐྱིད་སྣང་བཅས་ནུས་ལྡན་ངང་མཐོར་འདེགས་སུ་གཏོང་བར་ནུས་ཤུགས་བཏོན་ཡོད།