ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ11པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས55པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་ལུའི་ལེང་གྲོང་ཁྱེར་ཡུང་ཅུས་རྡོ་སོལ་གཏེར་ཁའི་གཞུང་ལས་ཐོག་ཁང་ཞིག་གི་མེ་སྐྱོན་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཧྲན་ཤིས་ལུའི་ལེང་གྲོང་ཁྱེར་ཡུང་ཅུས་རྡོ་སོལ་གཏེར་ཁའི་གཞུང་ལས་ཐོག་ཁང་གི་མེ་སྐྱོན་དོན་རྐྱེན་ཚབས་ཆེན་ལས་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ནས་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་དགོས། ས་གནས་སོ་སོ་དང་རིམ་པ་སོ་སོའི་མཁོ་བསྟུན་སྡེ་ཁག་གིས་རིམ་པ་བཞིན་འགན་ཁུར་ཏན་ཏིག་འཁུར་བ་དང་། ཞིང་ཆེན་དང་ཁུལ་ཨུའི་མེ་ཟོན་བྱ་བའི་གྲོས་མོལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་སོ་སོ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཏང་སྲིད་ཀྱི་འགན་ཁུར་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་ཁུར་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་འགན་འཁྲི་བདའ་འདེད་བཅས་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱེད་དགོས། གཏེར་རི་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས། འབར་རླངས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་དང་གཞིས་ཁུལ་རྙིང་པ། སྨན་ཁང་། སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་མི་མང་འདུ་སར་དམིགས་ཏེ་ཁྱོན་ཡོངས་ནས་མེ་ཟོན་བདེ་འཇགས་ཀྱི་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་མཐའ་གཅིག་ཏུ་སྟངས་འཛིན་བྱེད་དགོས། ས་མཐོའི་དགུན་དུས་ཀྱི་གནམ་གཤིས་ཁྱད་ཆོས་ལ་དམིགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་སྔོན་དཔག་ཉེན་ཟོན་སྔོན་བརྡ་དང་མཁོ་བསྟུན་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ། དུས་ཐོག་ཏུ་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ། ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། ཁ་བ་ཆེན་པོ་འབབ་པ་སོགས་གནམ་གཤིས་ངན་པའི་ཁ་གཏད་གཅོག་རྒྱུའི་བྱ་བར་ཤུགས་སྣོན་དགོས། དགུན་དུས་མེ་སྐྱོན་གྱི་དོན་རྐྱེན་འབྱུང་སླ་བ་དང་འབྱུང་མང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་རྩྭ་ཐང་དང་ནགས་ཁུལ་སོགས་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་པ་དང་། མི་དང་དངོས་པོ། ལག་རྩལ་བཅས་ཀྱི་ཐོག་ནས་འགོག་བཅོས་བྱེད་པའི་བྱ་ཐབས་ལ་ཤུགས་སྣོན་པ། མེ་ཟོན་བདེ་འཇགས་ཀྱི་ནང་སྦྱོང་ཏན་ཏིག་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་མེ་འགོག་གནོད་འགོག་གི་འདུ་ཤེས་དང་རང་སྐྱོབ་རང་སྲུང་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག བྱང་ཕྱོགས་ལ་དགུན་ཁ་སླེབས་པའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དང་ཧོ་པེ་རུ་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བྱ་བར་རྟོག་ཞིབ་གནང་བར་ཕེབས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བྱ་བར་ཞིབ་བཤེར་མཛུབ་ཁྲིད་གནང་བ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་དམངས་ལ་བཅངས་པའི་བརྩེ་སེམས་གང་ལེགས་སྒོས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེ་རུ་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བྱ་བར་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་ཁུར་གྱི་འདུ་ཤེས་ཐོག་ནས་ནུས་ཤུགས་ཡོད་རྒུས་གནོད་འགོག་གེགས་སེལ་གྱི་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། འཇུ་ལག1.08ས་ཡོམ་རྗེས་ཀྱི་གནོད་ཐེབས་བསྐྱར་སྐྲུན་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས་འགན་འཁྲི་དོན་འཁྱོལ་དང་མཐུན་སྦྱོར་གཞོགས་འདེགས། མ་དངུལ་གཏོང་སྤྲོད། བསྐྱར་སྐྲུན་མྱུར་ཚད་སོགས་བྱ་བའི་གཙོ་གནད་ལ་དམིགས་ཏེ་དུས་བཀག་ནང་གནོད་ཐེབས་བསྐྱར་སྐྲུན་གྱི་ལས་འགན་སོ་སོ་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། ཆུ་དང་གློག དྲོད་རླངས་བཅས་མཁོ་འདོན་དང་འགྲིམ་འགྲུལ་ཤར་གཏོང་འགན་ལེན་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱ་རྒྱུར་ཤུགས་བསྣན་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་བསྐྱལ་ཐུབ་པའི་འགན་ལེན་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”བྱ་བ་ཏན་ཏིག་ངང་སྤེལ་བ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་མཉམ་དུ་འགག་སྒྲོལ་ཐག་གཅོད་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་ཀྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་གསར་པ་དང་གྲུབ་འབྲས་གསར་པ་ར་སྤྲོད་བྱེད་དགོས་པར་བསྟན།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས“རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་མཐོ་ཚད་ཐོག་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་མཚོ་བྱང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་ལ། དཔེ་བསྡུར་ཚད་འཛིན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་པའི་བླང་བྱར་དམིགས་ནས་དག་ཐེར་བྱ་བ་བཀོད་སྒྲིག་གནད་ལ་འཁེལ་བ་དང་། མི་སྣ་བཀོད་སྒྲིག་གནད་ལ་འཁེལ་བ། འགན་འཁྲི་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་ཐེངས་འདིའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་གཟིགས་ཞིབ་དང་ལེན་བྱེད་པའི་རྒྱུགས་སྤྲོད་ཆེན་པོ་ཞིག་དང་ཕན་འབྲས་ཆེ་རུ་གཏོང་བའི་གོ་སྐབས་ཤིག་ཏུ་བརྩིས་ནས། རང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། “འཚོ་བ་བབ་ཆགས་སྐྱེལ་བའི”བསམ་བློ་བརྟན་པོར་འཛུགས་པ་དང་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་པ། དམངས་འཚོར་གཅིག་གྱུར་གྱིས་འགན་སྲུང་དང་ལེགས་བཅོས་བྱེད་པ། བག་མེད་ཆུད་ཟོས་དང་འཕྲོ་བརླག་གཏོང་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག《འབྲེལ་ཡོད་དུས་རབས་གསར་པའི་མི་རབས་རྗེས་མར་སེམས་ཁུར་བྱེད་པར་ཤུགས་སྣོན་པའི་བྱ་བའི་ཨུ་ལྷན་གྱི་ལས་བགོས་ཇུས་གཞི》སོགས་ཀྱི་དོན་གནད་ལ་གྲོས་ཞིབ་བྱས།