ཧ་ཝུན་ཞུག་དང་ཞའོ་རུས་ཞིན་གྱིས་རྐང་ཚ་རྫོང་དུ་སློབ་སྔོན་སློབ་གསོ་ཁྱབ་གདལ་བཏང་ཚུལ་ལ་རྟོག་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས།
ཧ་ཝུན་ཞུག་དང་ཞའོ་རུས་ཞིན་གྱིས་རྐང་ཚ་རྫོང་དུ་སློབ་སྔོན་སློབ་གསོ་ཁྱབ་གདལ་བཏང་ཚུལ་ལ་རྟོག་ཞིབ་བྱེད་པའི་
བཞུགས་མོལ་ཚོགས་འདུ་འཚོགས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ11པའི་ཚེས21ཉིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞའོ་རུས་ཞིན་འཁོར་དང་བཅས་པ་རྐང་ཚ་རྫོང་དུ་སློབ་སྔོན་སློབ་གསོ་ཁྱབ་གདལ་བཏང་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་བཞུགས་མོལ་ཚོགས་འདུ་ཡང་འཚོགས། རྐང་ཚ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མཱ་ཧྲིན་ལེན་དང་འབྲེལ་ཡོད་སྡེ་ཁག་གི་ལས་བགོས་འགན་འཁུར་བློ་མཐུན། བྱིས་གཉོར་ཁང་སོ་སོའི་མགོ་འཛིན་བཅས་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ་རྐང་ཚ་རྫོང་གིས་རྫོང་ཁོངས་ཀྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྙན་ཞུར་ཉན་པ་དང་། ཧ་ཝུན་ཞུག་དང་ཞའོ་རུས་ཞིན་གྱིས་རྫོང་ནོར་སྲིད་ཅུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྐང་ཚ་རྫོང་གི་སློབ་སྔོན་སློབ་གསོ་ཁྱབ་གདལ་གཏོང་བའི་ཐད་ཐག་གཅོད་བྱེད་དགོས་པའི་མིག་སྔར་གྱི་དཀའ་ངལ་ལ་གྲོས་བསྡུར་བྱས་པ་མ་ཟད། གནད་ལ་འཁེལ་ཞིང་ལག་ལེན་རང་བཞིན་ཆེ་བའི་བྱེད་ཐབས་བཏོན།
ཚོགས་ཐོག་ཏུ། གཅིག་ནས་རྐང་ཚ་རྫོང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་སོ་སོས་སློབ་སྔོན་སློབ་གསོ་འཕེལ་རྒྱས་གཏོང་བའི་གཙོ་ཁྲིད་ཀྱི་འགན་འཁྲིར་སྔར་ལས་ཤུགས་སྣོན་བརྒྱབ་སྟེ། རྐང་ཚ་རྫོང་གི་སློབ་སྔོན་སློབ་གསོའི་ཁྱབ་ཁོངས་ཀྱི་དཀའ་གནད་གནད་དོན་ལ་དམིགས་ནས་མུ་མཐུད་ནུས་ཤུགས་འདོན་དགོས། གཉིས་ནས་རྟིང་གྲངས་གསལ་བོར་རྟོགས་པ་དང་རྩིས་ཐོ་གསལ་བོར་བཟོས་ཏེ་རང་འགུལ་ངང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་དགོས། གསུམ་ནས་འབྲེལ་མཐུད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་གོང་རིམ་སྡེ་ཁག་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཛུབ་སྟོན་བསམ་འཆར་ལ་ཉན་ནས་བྱ་བའི་བསམ་ཕྱོགས་གསར་སྤེལ་བྱེད་དགོས། བཞི་ནས་སློབ་སྔོན་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ནས་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། བྱིས་པ་བདེ་ཐང་དང་སྤྲོ་སྣང་ངང་ནར་སོན་པར་སྐུལ་འདེད་བྱས་ཏེ། སློབ་སྔོན་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྤྱི་ཚོགས་ཡོངས་ལ་ཕན་ཐོགས་དགོས་པའི་བླང་བྱ་བཏོན།