གྲངས་འཛིན་ལག་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
发布时间:2023年12月01日 消息来源:

གྲངས་འཛིན་ལག་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

   རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་ལྗོངས་མེ་ལོང་།   བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   སྐྱེ་ཁམས་ནི་ཐོན་ཁུངས་ཡིན་པ་དང་སྐྱེ་ཁམས་ནི་ཐོན་སྐྱེད་ནུས་ཤུགས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གཉིས་ལ་གཟིགས་ཞིབ་ཏུ་ཕེབས་ནས་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཡིན་པ་དང་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས་ཡིན་ལ། མཚོ་སྔོན་གྱི་ཆེས་ཆེ་བའི་སྦས་ཤུགས་དེ་ཡང་སྐྱེ་ཁམས་ཡིན་ཞེས་ནན་གྱིས་བསྟན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཞེས་ནན་གྱིས་གསུངས། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་བཅོས་སྒྱུར་བྱེད་པའི་དཀའ་གནད་སེལ་དགོས་ན་གྲངས་འཛིན་ལག་རྩལ་ནང་འདྲེན་བྱས་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ལག་རྩལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས།

   འགག་གནད་བསལ་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་བྱེད་པར་རོགས་འདེགས་བྱེད་དགོས།

   མཚོ་སྔོན་གྱི་དཔལ་འབྱོར་རྨང་གཞི་ཞན་པ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ། རང་བྱུང་གི་གནམ་གཤིས་སྡུག་པ་སོགས་ཀྱི་དབང་གིས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀའ་ངལ་དེ་ས་ཁུལ་གཞན་དག་ལས་ཆེས་ཆེར་བརྒལ་ཡོད། དེ་ལྟ་བུའི་དཀའ་ཚེགས་ཆེ་བའི་ལས་འགན་དང་འགྲན་སློང་གི་གནས་ཚུལ་འོག མཚོ་སྔོན་གྱིས་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཉམས་ཞན་གྱི་རྣམ་པར་ཁ་གཏད་བཅག་ནས་གྲངས་འཛིན་ལག་རྩལ་གྱིས་སྐྱེ་ཁམས་ཐོན་ཁུངས་རིན་ཐང་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས།
   གཅིག་ནས་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱེད་དགོས། གཙོ་གནད་བཙོག་འབུད་ཁེ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་ཀྱི་རང་འགུལ་ལྟ་སྐུལ་ཚོད་འཛིན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁོར་ཡུག་བཅོས་སྐྱོང་ནུས་པ་རིམ་འཕར་བྱེད་དགོས། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཐུས་ཚང་དུ་བཏང་ནས། སྔར་ལས་གནད་འཁེལ་དང་ཁྱོན་ཡོངས། ཕན་འབྲས་མཐོ་བ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་བསྡུ་ལེན་ནུས་པ་མཁོ་འདོན་བྱེད་དགོས། སྡེ་ཁག་མང་པོས་མཉམ་འབྲེལ་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་ད་ཡོད་ཀྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག ཆུ་བེད། ཞིང་ལས་དང་ཞིང་སྡེ། ནགས་ལས་དང་རྩྭ་ཐང་། གནམ་གཤིས་སོགས་ཀྱི་བརྟག་དཔྱད་ལྟ་ཞིབ་མ་ལག་དང་མཉམ་འདྲེས་གང་ལེགས་བྱས་ནས་སྦགས་བཙོག་དོན་རྐྱེན་ལ་དུས་ཐོག་ཏུ་གྱོད་ཐོ་འཛུགས་པ་དང་། ལས་འགན་སྤེལ་བ། ཐག་གཅོད་ལྡོག་ལན་སྤྲོད་པ་བཅས་ཀྱི་བཀག་སྡོམ་ཐག་གཅོད་མངོན་འགྱུར་བྱེད་དགོས།

   གཉིས་ནི་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཚན་རྩལ་ཆེད་དོན་ལས་གཞི་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་ཞིབ་ལས་སྟེགས་དང་རྟེན་གཞི་འཛུགས་སྐྲུན་བྱེད་པ། སྤུས་ལེགས་ཕྱུགས་རྩྭའི་སོན་བཟང་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་ཞིབ་འཇུག་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་རྩྭ་རའི་ཕྱུགས་ལས་དང་ཞན་འགྱུར་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་ཉམས་གསོ་དང་། བྱེད་ནུས་ཆེར་གཏོང་དང་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་འདུས་གྲུབ་དཔེ་སྟོན་བཅས་བྱེད་དགོས། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ཚན་རྩལ་ཆེད་དོན་ལས་གཞི་ལག་བསྟར་བྱས་ནས་སྐྱེ་ཁམས་གསོ་སྐྱོང་དང་། བཞུར་རྒྱུན་འགྱུར་ལྡོག ཆུའི་ཁོར་ཡུག་ལེགས་བཅོས། ཆུའི་སྐྱེ་ཁམས་སླར་གསོ། མྱ་ངམ་ཐང་བཅོས་སྐྱོང་། ཕན་ནུས་ཆེ་ལ་ཆུ་གྲོན་ཆུང་བའི་ཞིང་ཆུ་འདྲེན་གཏོང་སོགས་གཙོ་གནད་ལག་རྩལ་ལ་དམིགས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་དགོས།
  
   གསུམ་ནི་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། 5Gདང་།AIརྒྱང་ཚོར་ལག་རྩལ་སོགས་གྲངས་འཛིན་ལག་རྩལ་དེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཁྱབ་ཁོངས་སུ་སྤྱོད་པ་དང་། ཕན་འབྲས་ཆེ་བ་དང་རྩ་འཛུགས་མང་བའི་མཐུན་སྦྱོར་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་བཙུགས་ཏེ། ཁྱོན་ཡོངས་ནས་ཤེས་ཚོར་སྐྱེན་པའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་ལས་སྟེགས་བསྐྲུན་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བསྐྲུན་རྒྱུར་དམིགས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ། ཚྭ་འདམ་གཤོངས་ས། རྨ་ཙོང་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པ་དང་། རིགས་མི་འདྲ་བའི་སྐྱེ་ཁམས་མ་ལག་གི་ནུས་པ་སླར་གསོ་དང་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བའི་ལག་རྩལ་བྱེད་ཐབས་ཞིབ་འཇུག་གསར་སྤེལ་བྱེད་པ། དཔེ་མཚོན་ཉམས་ཞན་སྐྱེ་ཁམས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལག་རྩལ་འཚོལ་ཞིབ་བྱེད་པ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས།

   དཀའ་གནད་ཐག་གཅོད་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

   མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་དང་སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས་ན་ལག་རྩལ་གྱི་དཀའ་གནད་བསལ་ནས། སྐྱེ་ཁམས་ཐོན་ཁུངས་དང་སྐྱེ་ཁམས་རྒྱུ་ནོར། སྐྱེ་ཁམས་མ་རྩ། སྐྱེ་ཁམས་ཐོན་རྫས། སྐྱེ་ཁམས་རིན་ཐང་བཅས་མངོན་འགྱུར་ཡོང་བ་བྱེད་དགོས། མིག་སྔའི་གྲངས་འཛིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱབ་ལྗོངས་འོག ཆ་འཕྲིན་ཅན་དང་རིག་ནུས་ཅན། གཞི་གྲངས་ཅན་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

   གཅིག་ནི་ཆ་འཕྲིན་ཅན་ལ་བརྟེན་ནས་སྐྱེ་ཁམས་ཐོན་རྫས་ཀྱི་ཚད་འབེབས་མཚོན་ཐབས་བྱེད་རྒྱུ་དེ་ཡིན། ཆ་འཕྲིན་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ཐོན་རྫས་ཀྱི་རྨང་གཞིའི་ཆ་འཕྲིན་བརྟག་དཔྱད་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་དངོས་རྫས་ཀྱི་ཚད་འབེབས་མཚོན་ཚུལ་དང་རིན་ཐང་ཚད་འབེབས་མཚོན་ཚུལ། བར་སྟོང་གི་མཚོན་ཚུལ་སོགས་མངོན་འགྱུར་ཡོང་བ་བྱེད་དགོས། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་རྫས་རིགས་ཀྱི་གྲངས་འབོར་ཁྱབ་ཚུལ་དང་སྤུས་ཚད་རིམ་པ།ནུས་པའི་ཁྱད་ཆོས།ཁེ་དབང་གི་ཁོངས་གཏོགས།སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་བྱས་ཚུལ་སོགས་ཀྱི་གཞི་གྲངས་མཐིལ་རྟོགས་བྱས་ཏེ། རྒྱུ་ནོར་གསལ་པོ་བཟོས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་ཆ་འཕྲིན་རྨང་གཞིའི་གཞི་གྲངས་མཛོད་བཙུགས་ཏེ། སྒོ་འབྱེད་དང་མཉམ་སྤྱོད་བཅས་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་ཆ་འཕྲིན་སྟེགས་བུ་གསར་སྤེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་དཀར་ཆག་གསལ་ཐོ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་དགོས། རང་བྱུང་ཐོན་ཁུངས་མ་རྩའི་བུ་ལོན་རེའུ་མིག་བཟོས་ནས་རྩྭ་ཐང་དང་འདམ་ར། ཆུ་སོགས་རང་བྱུང་ཐོན་ཁུངས་གཙོ་བོ་ཚུད་པའི་རང་བྱུང་ཐོན་ཁུངས་མ་རྩའི་བུ་ལོན་རེའུ་མིག་དང་དཔྱད་འཇོག་དོ་དམ་མ་ལག་བཙུགས་ནས། “པར་རིས་གཅིག”གི་སྐྱེ་ཁམས་ཐོན་ཁུངས་ཀྱི་གཞི་གྲངས་ཆེན་མོའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ“སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ས་ཁྲ”བཟོ་དགོས།

   གཉིས་ནས་རིག་ནུས་ཅན་ལ་བརྟེན་ནས་སྐྱེ་ཁམས་ཐོན་རྫས་ཀྱི་འགུལ་རྣམ་དཔྱད་འཇོག་མངོན་འགྱུར་བྱེད་དགོས། མདོ་དབུས་མཐོ་སྒང་གི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གདེང་འཇོག་མ་ལག་བཙུགས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་སྤྱིའི་རིན་ཐང་གི་གདེང་འཇོག་དང་། རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་འབབ་རྒྱུད་སོགས་དམིགས་བསལ་ས་ཁོངས་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ལ་གདེང་འཇོག་བྱས་ཏེ་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྲིད་འཛིན་ཁུལ་ཚན་པར་བྱས་པའི་སྐྱེ་ཁམས་ཐོན་རྫས་ཀྱི་སྤྱིའི་རིན་ཐང་གནད་སྨིན་རྩིས་རྒྱག་བྱེད་དགོས། དེའི་རྨང་གཞིའི་ཐོག་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཞིབ་རྩིས་ཀྱི་རྨང་གཞིའི་གྲངས་འཛིན་དེ་རིམ་བཞིན་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་མ་ལག་གི་ཁྲོད་དུ་བཅུག་ནས། ཞིབ་རྩིས་བྱས་འབྲས་བདེ་ཐང་འཕེལ་རྒྱས་ཀྱི་ནོར་སྲིད་བྱ་དགའི་ཁ་གསབ་དང་། རྒྱལ་ཁབ་ས་ཆའི་བར་སྟོང་དོ་དམ་ཚོད་འཛིན། ཁོར་ཡུག་བཅོས་སྐྱོང་དཔྱད་འཇོག ཐོན་ཁུངས་ཀྱི་རྒྱུ་རྐྱེན་བཀོད་སྒྲིག་སོགས་ཁྱབ་ཁོངས་སུ་སྤྱོད་རྒྱུར་སྐུལ་འདེད་བཏང་ནས་སྲིད་གཞུང་གི་ཐབས་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། རིག་ནུས་ཅན་ལ་བརྟེན་ནས་སྐྱེ་ཁམས་ཐོན་རྫས་ཀྱི་འགུལ་རྣམ་དཔྱད་འཇོག་དང“པར་རིས་གཅིག”གི་དོ་དམ་གནད་དོན་ཐག་གཅོད་བྱས་ཏེ། སྐྱེ་ཁམས་ཐོན་རྫས་རིག་ནུས་ཅན་གྱི་ཞིབ་རྩིས་དང་དོ་དམ་མངོན་འགྱུར་བྱེད་དགོས།

   གསུམ་ནི་གྲངས་འཛིན་ཅན་གྱི་གྲངས་བཅད་དཔྱད་འཇོག་བྱས་འབྲས་ཁྲོམ་ར་ནས་སྐྱེད་སྲིང་བྱེད་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་ར་གཙོ་བོར་བྱས་ཏེ་མཚོ་སྔོན་གྱི་རང་བྱུང་ཐོན་ཁུངས་ཀྱི་མ་རྩ་གྲངས་འཛིན་ཅན་དུ་འགྱུར་བའི་གྲངས་བཅད་དཔྱད་འཇོག་བྱས་འབྲས་ཁྲོམ་ར་ནས་སྐྱེད་སྲིང་བྱེད་པ་དང་སྐྱེ་ཁམས་ཐོན་རྫས་ཀྱི་ཚོང་ཟོག་ངོ་བོ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་རྫས་གསར་སྤེལ་མ་གནས། ཁྲོམ་རའི་མཁོ་སྤྲོད་འབྲེལ་བ། ཐོན་ཁུངས་དཀོན་པའི་རྒྱུ་རྐྱེན་སོགས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས། “དཔྱད་འཇོག་དང་རིན་གོང་གཏན་འཁེལ་དང་ཉོ་འཚོང”བཅས་ཕྱོགས་གསུམ་གཞི་གཅིག་གི་རིན་ཐང་གནས་ཚུལ་དཔྱད་འཇོག་དང་རིན་གོང་གྲུབ་པའི་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས། སྲིད་གཞུང་དང་མ་འཇོག་ཁེ་ལས། འགན་བཅོལ་ཀུང་སི་བཅས་མང་ཆེ་བས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཆ་འཕྲིན་ཅན་གྱི་དོ་དམ་ལས་སྟེགས་ལ་གཞིགས་ནས། སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་སྡོམ་འབོར་ཚོད་རྩིས་བྱས་ནས་དཔྱད་གཞིར་བཟུང་སྟེ། སྣ་མང་ཚོང་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་འཛུགས་པར་ཚོད་ལྟ་བྱས་ཆོག

  དཀའ་གནད་སེལ་ནས་མཚོ་སྔོན་གྱི“བར་སྟོང་གསུམ”གྱི་རིག་ནུས་འཆར་འགོད་ལ་སྐུལ་འདེད་གཏོང་དགོས།

   མཚོ་སྔོན་གྱི་རྒྱལ་ཁབ་ས་ཁོངས་མང་ཆེ་བ་གསར་སྤེལ་ཚོད་འཛིན་ཁུལ་དུ་གཏན་འཁེལ་བྱས་ཡོད་པས། ས་གནས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དཀའ་ཚེགས་ཆེ་ལ་རྙོག་འཛིང་གི་འགྲན་སློང་དང་འཕྲད་ཡོད་པས་ཡང་དག་པའི་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཀྱི་ངེས་གནས་ཇི་ལྟར་བྱས་ནས་འཚོལ་དགོས་སམ། 2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། “རྒྱལ་ཁབ་ས་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤོང་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས”ཞེས་གསུངས། དེར་བརྟེན། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་བར་སྟོང་གསུམ་ལྟེ་བར་བྱས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་བཀོད་སྒྲིག་བྱས་ནས། འཁོར་རྒྱུག་བཟང་པོ་གཞན་སྒྱུར་ཐུབ་པ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་མངོན་འགྱུར་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

   གྲངས་འཛིན་ལག་རྩལ་ནི“རི་སྔོ་ཆུ་དྭངས”ནས“གསེར་རི་དངུལ་རིར”བསྒྱུར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་དང་། གྲངས་འཛིན་ལག་རྩལ་གྱིས་མཚོ་སྔོན་གྱིས་ཚན་རིག་དང་མཐུན་པར་ཐོན་སྐྱེད་ཀྱི་བར་སྟོང་དང་འཚོ་བའི་བར་སྟོང་། སྐྱེ་ཁམས་ཀྱི་བར་སྟོང་བཀོད་སྒྲིག་བྱེད་པར་རོགས་རམ་བྱེད་ཐུབ། གཅིག་ནི་ལེགས་བསྡུས་ཞིབ་གཉེར་དང་ལས་ཕྱོད་ཆེ་བའི་ཐོན་སྐྱེད་བར་སྟོང་འཛུགས་དགོས། ཆ་འཕྲིན་འཚོལ་བསྡུ་དང་དབྱེ་ཞིབ་གདེང་འཇོག ཐབས་ཇུས་དོ་དམ་སོགས་གནད་སྨིན་རང་བཞིན་དང་ཕན་འབྲས་ཆེ་བའི་རང་བཞིན་སྔར་ལས་ཆེ་རུ་བཏང་ནས་གཞི་གྲངས་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་ནས། མཚོ་སྔོན་གྱི་སྐྱེ་ཁམས་མ་ལག་སྣ་ཚོགས་ལ་གནད་སྨིན་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་དོ་དམ་བྱས་ཏེ། ནུས་ལྡན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ཁུངས་དོ་དམ་མངོན་འགྱུར་བྱེད་པ། ཐོན་ཁུངས་བཀོད་སྒྲིག་དང་ཐོན་སྐྱེད་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། ནུས་རྒྱུ་གཙང་མ་འཕེལ་རྒྱས་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ།

   གཉིས་ནི་འཚོ་སྡོད་འོས་འཚམ་གྱི་འཚོ་བའི་བར་སྟོང་བསྐྲུན་དགོས། རིག་ནུས་ཅན་གྱི་འཆར་འགོད་དང་དོ་དམ་ལ་བརྟེན་ནས་གྲོང་མིའི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། བདེ་ཐང་གི་འཚོ་བ་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས། དཔེར་ན་རིག་ནུས་གྲོང་ཁྱེར་འཆར་འགོད་དང་བདེ་ཐང་རྨང་གཞིའི་སྒྲིག་ཆས་ཐད་གྲོང་ཁྱེར་གྱི་སྐྱེ་ཁམས་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་ནས། བདེ་ཐང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། སླར་སྐྱེས་ནུས་ཁུངས་དང་ཐཱན་ཉུང་འཚོ་བའི་ཐད་གྲངས་འཛིན་ལག་རྩལ་སྤྱད་དེ། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རླུང་ནུས་དང་ཉི་ནུས་སོགས་སླར་སྐྱེས་ནུས་ཁུངས་ཐོན་ཁུངས་བཀོད་གཏོང་དང་བེད་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། སྦགས་བཙོག་དང་ཐཱན་འབུད་ཚད་ཉུང་དུ་གཏོང་བ། ཐཱན་ཉུང་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་དུ་གཏོང་དགོས། 

   གསུམ་ནི་རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་བར་སྟོང་ཆགས་པར་བྱེད་དགོས། གཙོ་ནུས་ཐོན་ཁུལ་མངོན་གསལ་དང་བཟང་ཆ་གསབ་རེས་ཀྱི་བར་སྟོང་གནས་སྟངས་ཆགས་པར་སྐུལ་འདེད་གཏོང་བ་དང་། རང་བྱུང་ཐོན་ཁུངས་ཀྱི་རྩ་གསུམ་ལངས་གཟུགས་ཀྱི“རི་མོ་གཅིག”འཚོལ་ཞིབ་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ནས་རང་བྱུང་ཁམས་ལ་སྔར་ལས་མང་བའི་ཉམས་གསོའི་བར་སྟོང་འཇོག་དགོས།

   མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་ཞིང་དམིགས་བསལ་ཡིན་པ་དང་སྐྱེ་ཁམས་འགན་འཁྲི་ལྕི་ལ་དཀའ་ཚེགས་ཆེན་པོ་ལྡན། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་དེ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་གསར་པའི་སྟེང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད། ལོ་རྒྱུས་ཀྱི་སྐྱོད་ལམ་གསར་བའི་སྟེང་གྲངས་འཛིན་ཅན་དང་བདེ་ཐང་ཅན་གྱི་ཕྱོགས་གཉིས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ནས།  སྐྱེ་ཁམས་ལ་བརྟེན་ནས་མི་དམངས་ཕྱུག་པོར་བསྒྱུར་བ་དང་སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་ཕན་བདེ་བསྐྲུན་པ།  སྐྱེ་ཁམས་དམངས་ཀྱི་ཆེད་དུ་ཡིན་པ་བཅས་མངོན་འགྱུར་བྱེད་ཐུབ་ངེས་ཡིན།