བྱ་བ་མ་རྙེད་ན་ལས་ཤོར་དངུལ་བླངས་ཆོག་གམ།
ད་ལོའི་ལོ་མགོར། ཁྱིམ་ཚང་གི་དབང་གིས་ངས་དེ་སྔོན་གྱི་ལས་ཁུངས་ནས་ལས་བསྐྱུར་བྱས་པ་ཡིན། ཉེ་ལམ་ངས་ཡང་བསྐྱར་བྱ་བ་འཚོལ་མགོ་བརྩམས་ཀྱང་འོས་འཚམ་ཞིག་མ་རྙེད་པས། འདིར་འདྲི་རྒྱུ་ཞིག་ལ། ངས་ལས་ཤོར་ཐོ་འགོད་བྱས་ནས་ལས་ཤོར་དངུལ་བླངས་ཆོག་གམ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན45པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། ལས་ཤོར་ཉེན་སྲུང་ཐོབ་ཆ་ལོངས་སུ་སྤྱོད་པ་དང་ལས་ཤོར་དངུལ་ལེན་པར་ངེས་པར་དུ་གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ། (གཅིག)ལས་ཀ་མ་ཤོར་སྔོན་ལ་འགན་སྲུང་དངུལ་སྤྲད་ནས་ལོ་གཅིག་ལོངས་པ། (གཉིས)རང་ཉིད་ཀྱི་རེ་འདོད་མ་ཡིན་པར་ལས་ཞུགས་མཚམས་ཆད་པ། (གསུམ)ལས་ཤོར་ཐོ་འགོད་བྱས་ཟིན་པར་མ་ཟད་ལས་ཀ་འཚོལ་བའི་བླང་བྱ་ཡོད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི《〈སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས〉ལག་བསྟར་བྱེད་པའི་འབྲེལ་ཡོད་གཏན་འབེབས》ཀྱི་གཏན་འབེབས་ལྟར་ན། “རང་ཉིད་ཀྱི་རེ་འདོད་མ་ཡིན་པར་ལས་ཞུགས་མཚམས་ཆད་པ”ཞེས་པར་གཤམ་གྱི་སྣང་ཚུལ་འདི་དག་འདུ་སྟེ། (གཅིག)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན44པའི་ཁོད་ཚན1པ་དང་ཁོད་ཚན4པ། ཁོད་ཚན5པ་བཅས་ཀྱི་གཏན་འབེབས་ལྟར་ངལ་རྩོལ་གན་རྒྱ་མཚམས་བཞག་པ་སྟེ། ངལ་རྩོལ་གན་རྒྱའི་དུས་ཚད་ལོངས་པ་དང་ཁྲིམས་ལྟར་མི་བཀོལ་ལས་ཁུངས་ཀྱི་མ་རྩ་སྟོངས་པར་བསྒྲགས་པ། ཚོང་གཉེར་ལག་ཁྱེར་ཕྱིར་བསྡུས་པ། སྒོ་རྒྱག་པ་དང་ཕྱིར་འཐེན་པའི་བཀའ་ཕབ་པའམ་ཡང་ན་མི་བཀོལ་ལས་ཁུངས་ཀྱིས་དུས་སྔོན་དུ་ཁ་འཐོར་རྒྱུ་ཐག་བཅད་པའི་དབང་གིས་ངལ་རྩོལ་གན་རྒྱ་མཚམས་བཞག་པ། (གཉིས)མི་བཀོལ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན39པ་དང་དོན་ཚན40པ། དོན་ཚན41པ་བཅས་ཀྱི་གཏན་འབེབས་ལྟར་ངལ་རྩོལ་གན་རྒྱ་མེད་པར་བཟོས་པ་སྟེ། མི་བཀོལ་ལས་ཁུངས་ཕྱོགས་ཁོ་ནས་ངལ་རྩོལ་གན་རྒྱ་མེད་པར་བཟོས་པ། (གསུམ)མི་བཀོལ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན36པའི་གཏན་འབེབས་ལྟར་ངལ་རྩོལ་པར་ངལ་རྩོལ་གན་རྒྱ་མེད་པར་བཟོ་བའི་བསམ་ཚུལ་བཏོན་པ་དང་ངལ་རྩོལ་པ་དང་གྲོས་མཐུན་ངང་ངལ་རྩོལ་གན་རྒྱ་མེད་པར་བཟོས་པ། (བཞི)མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་མེད་པར་བཟོ་བའི་བསམ་ཚུལ་བཏོན་པའམ་ཡང་ན་མི་བཀོལ་ལས་ཁུངས་ཀྱིས་ལས་གནས་ཕྱིར་སློག་དང་མིང་མེད་པར་བཏང་བ་དང་། ལས་གནས་ལས་ཕུད་པ་སོགས། (ལྔ)ངལ་རྩོལ་པ་རང་ཉིད་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན38པའི་གཏན་འབེབས་ལྟར་ངལ་རྩོལ་གན་རྒྱ་མེད་པར་བཟོས་པ་སྟེ། མི་བཀོལ་ལས་ཁུངས་ཀྱིས་བཙན་སྐུལ་སྒོས་ངལ་རྩོལ་བྱེད་དུ་བཅུག་པའམ་ཡང་ན་ཁྲིམས་འགལ་གྱི་སྣང་ཚུལ་གཞན་དག་གི་དབང་གིས་ངལ་རྩོལ་པས་ལས་བསྐྱུར་བྱས་པ། (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཡིག་བཅས་ཀྱི་ནང་གཏན་འཁེལ་བྱས་པའི་སྣང་ཚུལ་གཞན་དག་བཅས་སོ། ། གོང་དུ་བརྗོད་པའི་གཏན་འབེབས་ལྟར་ན། ངལ་རྩོལ་པས་རང་ངོས་ནས་ལས་བསྐྱུར་བྱས་པ་ཡིན་ན་ལས་ཤོར་ཉེན་སྲུང་དངུལ་ལེན་མི་ཐུབ་ཅིང་ལས་ཤོར་ཉེན་སྲུང་ཐོབ་ཆ་གཞན་དག་ཀྱང་ལོངས་སུ་སྤྱོད་མི་ཐུབ་པ་རེད། །