མཚོ་བྱང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་བོད་ལུག་དང་ནས། ལོག་དཀར་བཅས་སོན་རྒྱུད་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་འདེམས་གསོ་དང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འདེམས་གསོ་དང་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ《མཚོ་བྱང་ཁུལ་གྱི་མཐོ་སྒང་བོད་ལུག་སྲུང་སྐྱོབ་སྲོལ་ཡིག》དང《མཚོ་བྱང་ཁུལ་གྱི་ཕྱུགས་རིགས་དང་ཕྱུགས་ཁྱུ་དོ་དམ་བྱ་ཐབས》།《མཚོ་བྱང་ཁུལ་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་ཇུས་གཞི(2021ལོ་ནས2025ལོའི་བར)》《མཚོ་བྱང་ཁུལ་གྱི་ནས་དང་ལོག་དཀར་ཐོན་ལས་འཕེལ་རྒྱས་གཏོང་བའི་འགུལ་སྤྱོད་འཆར་གཞི》བཅས་བཟོས་ནས་བཏོན་ཏེ་བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་སོགས་ཞིང་ལས་ཀྱི་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་སོན་རྒྱུད་འདེམས་གསོ་བཟོ་སྐྲུན་ལ་ཤུགས་བསྣན་ནས་ལོ་ལྟར་ནོར་གནག་དང་བོད་ལུག་གི་རྒྱུད་བཟང་ཕྱུགས་རིགས་ཁྲི1ལྷག་ཙམ་དང་ནས་དང་ལོག་དཀར་ཏུན་ཁྲི1.5ལྷག་ཙམ་ཕྱིར་གཏོང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་བོད་ལུག་དང་ནས། ལོག་དཀར་བཅས་ཀྱི་སོན་རྒྱུད་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད།

བོད་ལུག་དཀར་པོའི་རྒྱུད་བཟང་འདེམས་གསོའི་བཟོ་སྐྲུན་མུ་མཐུད་ལག་བསྟར་བྱས་ནས་བོད་ལུག“ལོ་གཉིས་ནང་ཐེངས་གསུམ་བཙས་པ”དང“མང་བཙས་བོད་ལུག”ལག་རྩལ་ཞིབ་འཇུག་ཁྱབ་གདལ་གཏོང་རྒྱུར་ཤུགས་བསྣན་ནས“ཁུལ་དུ་ཚན་རྩལ་དཔེ་སྟོན་གླིང་ཡོད་པ་དང་རྫོང་དུ་རྒྱུད་བཟང་གསོ་སྤེལ་བྱ་ཡུལ་ཡོད་པ། ཡུལ་ཚོ་རུ་རྒྱུད་བཟང་གསོ་སྤེལ་རྟེན་གཞི་ཡོད་པ། སྡེ་བ་རུ་རྒྱུད་བཟང་འདེམས་གསོ་རྟེན་གཞི་ཡོད་པ”བཅས་རིམ་པ་བཞིའི་རྒྱུད་བཟང་གསོ་སྤེལ་མ་ལག་དང“རིམ་པ་དབྱེ་ནས་གཅིག་སྡུད་དང་ཁྱུ་བགོས་ནས་གསོ་སྤེལ། གཅིག་གྱུར་ཐོག་བེད་སྤྱོད”བཅས་ཀྱི་སོན་བཟང་འདེམས་གསོའི་རྣམ་པ་ཞིག་ཆགས་པར་བྱས་ནས་ཁྱད་ལྡན་ཐོན་ལས་རྟེན་གཞི་ཅན་དང་གཞི་ཁྱོན་ཅན། རྒྱུད་བཟང་ཅན་བཅས་མངོན་འགྱུར་ཡོང་བར་བྱས་ཡོད། ཁུལ་ཡོངས་སུ་ཕྱུགས་རྒྱུད་སྤེལ་ཡུལ9དང་ལྟེ་བའི་ཁྱུ་ཚོགས221། ཕྱུགས་ཟོག82389། མོ་ཕྱུགས53236བཅས་ཡོད་ཅིང་། རིམ་རྩིས་བྱས་ན་བོད་ལུག“ལོ་གཉིས་ནང་ཐེངས་གསུམ་བཙས་པའི”གསོ་སྤེལ་བྱ་བ་ཁྱབ་གདལ་བཏང་ནས་ཁྲི200ཡན་གསོ་སྤེལ་བྱས་ཡོད། 2021ལོ་ནས2023ལོའི་བར་ཁུལ་ཡོངས་ཀྱི་རྒྱུད་བཟང་བོད་ལུག་ཕྱུགས་རྒྱུད12325མཁོ་འདོན་བྱས་པ་དང་ཆ་སྙོམས་ལོ་རེར་ཕྱུགས་རྒྱུད4108མཁོ་འདོན་བྱས་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་བོད་ལུག་ཕྱུགས་རྒྱུད་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་ཆགས་ཡོད་པ་རེད།


མཐོ་གྲང་ཞིང་ལས་སྐྱེ་དངོས་ཐོན་ཁུལ་གྱི་སོན་འདེབས་ཚན་ཞིབ་རྟེན་གཞི་དང་། རྒྱལ་ཁབ་མཐོ་གྲང་ཁུལ་གྱི་ལོག་དཀར་ཆུང་གྲས་ཀྱི་ཚོད་ལྟའི་ས་ཚིགས། ནས་ཀྱི་མ་བཅོས་ས་བོན་གསོ་སྤེལ་རྟེན་གཞི་བཅས་ལ་བརྟེན་ནས་ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི“གསོ་སྤེལ་སྐུལ་འདེད”གཞི་གཅིག་ཅན་གྱི་མཐོ་སྒང་བྱང་ཕྱོགས་ཀྱི་ལོག་དཀར་ཆུང་གྲས་ཀྱི་འདེབས་འཛུགས་ལས་རིགས་མ་ལག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སྔ་རྗེས་སུ་འབྲུ་སྣུམ་སོན་བཟང་རྟེན་གཞི་མུའུ་ཁྲི22.6བསྐྲུན་པ་དང་། སོན་བཟང་ཐོན་ཚད98%ཡན་ཟིན་པ། 2023ལོར་ལོག་དཀར་སོན་བཟང་ལྟེ་བའི་གསོ་སྤེལ་རྟེན་གཞི་མུའུ་ཁྲི1.95བསྐྲུན་པ། ས་བོན་ཐོན་སྐྱེད་ཀྱི་ཆེད་ལས་མཉམ་ལས་ཁང16ལ་རོགས་སྐྱོར་བཅས་བྱས། ལས་རིགས་ཀྱི་གཞི་གྲངས་བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་མཚོ་བྱང་གི་ལོག་དཀར་འདེབས་ཁྱོན་མུའུ་ཁྲི43.12དང་སྤྱིའི་ཐོན་འབབ་ཏུན་ཁྲི4.41ཟིན་ནས་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ102ཟིན་པ་དང་། ལོ་ལྟར་འདེབས་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་ལོག་དཀར་འདེབས་ཁྱོན་གྱི20%དང་ཐོན་ཚད་བསྡོམས་འབོར་གྱི13.8%ཡན་བཟུང་ཡོད། མཚོ་བྱང་ཁུལ་གྱིས་འདེབས་གསོ་བྱས་པའི“མཚོ་སྔོན་སྣུམ་ཨང21པའི(བྱང་སྣུམ་ཨང3པ)ཁྱབ་གདལ་འདེབས་འཛུགས་བྱས་ནས་བཟུང་། མཚོ་བྱང་དང་མཚོ་ལྷོའི་ཚོན་དཀར་རིགས་ལོག་དཀར་ཐོན་ཁུལ་གཙོ་བོ་དང་། མཚོ་ནུབ་དང་མཚོ་ཤར། ཟི་ལིང་སོགས་ས་བབ་མཐོ་བའི་རི་ཁུལ་དུ་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་འདེབས་འཛུགས་བྱས་པས་ལོག་དཀར་འདེབས་ཁྱོན་གྱི70%ཡས་མས་ཙམ་བཟུང་བ་དང་། རིམ་རྩིས་བྱས་ན་ཁྱབ་གདལ་བེད་སྤྱོད་གཏོང་ཁྱོན་མུའུ་ཁྲི516.31ཟིན་པ། རྟེན་གཞི་བཟང་པོར་བེད་སྤྱོད་གཏོང་ཁྱོན་མུའུ་ཁྲི17.42ཟིན་ནས་མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་ཐོན་ཚད་མཐོ་བའི་དཔེ་མཚོན་ཅན་མང་པོ་བཏོད་ཡོད། ལོ་རེར་ཞིང་ཆེན་ཕྱི་ནང་དུ་སྤུས་ལེགས་ལོག་དཀར་ཏུན་ཁྲི1.1ཡན་ཕྱིར་གཏོང་བྱེད་པ་དང་ཆབས་ཅིག་ཀན་སུའུ་དང་སི་ཁྲོན། བོད་ལྗོངས་སོགས་ལྟ་བུའི་ས་ཁུལ་དུ་ཁྱབ་གདལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ལོག་དཀར་ས་བོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།