གསར་འགྱུར་གལ་ཆེན།
གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
-
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི(2023ལོའི་པར་གཞི)སྐོར་གླེང་བ》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
-
ཟླ11པར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ཉི་ནུས་གློག་རྫས། རླངས་འཁོར་ལ་སྤྱོད་པའི་ལིས་གྱེས་རྡུལ་སྒུལ་ཤུགས་གློག་རྫས་སོགས་ཐོན་རྫས་ཀྱི་ཐོན་འབོར་མགྱོགས་མྱུར་གོང་འཕར་སོང་ཡོད། སོ་སོ་དེ་དུས་མཚུངས་ལས35.6%དང་། 44.5%དང38.7%བཅས་འཕར་ཡོད།
-
ད་ལོ་ཚུན་ཏུ། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རྨོ་ཞིང་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཁུངས་སྣེ66གཅིག་སྡུད་ཐོག་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ། ས་གནས་ཏང་སྲིད་ལས་ཁུངས་ཀྱི་མགོ་ཁྲིད་པ204ལ་འགན་འཁྲི་བདའ་འདེད་བཏང་བ་རེད།
-
ཚེས24ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། ཆུ་མ་མཁར་རྫོང་གི་ས་ཡོམ་རིམ་པ6.2ཀྱི་རྨས་མ་ཚང་མ་དུས་ཐོག་ཏུ་སྨན་བཅོས་གང་ལེགས་བྱས་པ་དང་། གནོད་ཐེབས་ས་ཁུལ་གྱི་རྒྱུན་གཏན་གྱི་སྨན་བཅོས་ཞབས་ཞུ་སླར་གསོ་བྱུང་ཡོད་པ་རེད།
-
ཀན་སུའུ་ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས23ཉིན་གྱི་ཆུ་ཚོད9པའི་བར་ཞིང་ཆེན་ཡོངས་ཀྱི་དགེ་སྒྲུབ་ཚོགས་པའི་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་སྤྱི་ཚོགས་ལས་རིགས་ཁག་གི་ཞལ་འདེབས་དངུལ་དང་དངོས་པོ་སྒོར་དུང་ཕྱུར4ལྷག་ཙམ་བསྡུ་ལེན་བྱས་ཡོད་པ་རེད།
-
ཟླ11པའི་ཟླ་མཇུག་བར། ད་ལོ་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི5.3གསར་དུ་སྒྱུར་བཀོད་བྱས་པས་གྲོང་མི་དུད་ཚང་ཁྲི882ལ་ཕན་པ་ཐོབ་ཡོད།
-
རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་གིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་ཁྱོན་ཡོངས་ནས་ལེགས་གྲུབ་བྱས་ཏེ། དམར་ཐིག་གི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་ཁྲི52ཙམ་དབྱེ་འབྱེད་བྱས་ཡོད།
-
འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།
-
ཚེས24ཉིན། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ·མོ་ཏུའུ་རྟགས་ཅན(爱达•魔都号)”ཧྲང་ཧའེ་ཝུའུ་སུང་ཁོའུ(吴淞口)རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་གྲུ་ཁ་ནས་ཐོན་ཏེ་རྒྱ་མཚོར་བསྐྱོད་དེ་ཚོད་ལྟའི་གཉེར་སྐྱོང་ཐེངས་དང་པོ་བྱས་པ་རེད།
སྤྱི་ཚོགས།
-
དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། གནམ་དྭངས་བའི་གནམ་གཤིས་སྔོན་དཔག་བྱས་ན་ཟླ་མཇུག་བར་རྒྱུན་མཐུད་ཐུབ་རྒྱུ་རེད།
-
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་འཕྲལ་བཅོས་དབུགས་ལམ་གྱི་ནད་གཞི་སྨན་བཅོས་བྱེད་ཚད་སྤྱིའི་ཆ་ནས་མུ་མཐུད་དུ་མར་ཆག་པའི་རྣམ་པ་མངོན་ཡོད།
-
དྲ་ཐོག་ཏུ “སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་དངུལ་གྲངས་ཟླ12པའི་ཟླ་མཇུག་ཏུ་གཙང་སེལ་བྱེད་རྒྱུ”ཅེས་པའི་དཀྲོག་གཏམ་བརྒྱུད་སྤེལ་བྱས་ཡོད། ནང་སོག་དང་། ཧུའུ་ནན། ཅང་ཤིས་སོགས་ས་གནས་མང་པོའི་སྨན་བཅོས་འགན་སྲུང་ཅུས་ཀྱིས་དཀྲོག་གཏམ་ཡིན་པ་ཁ་གསལ་བཏོན་པ་རེད།
-
ཀྲེ་ཅང་སློབ་ཆེན་ཚོགས་པས་བྱང་སྣེའི་དོམ(北极熊)སྤུ་འདྲ་བཟོའི་དྲོད་སྲུང་རྒྱུ་ཆ་བཟོས་པ་དང་འབྲེལ་ཡོད་དཔྱད་རྩོམ་རྒྱལ་སྤྱིའི་དུས་དེབ《ཚན་རིག》ཐོག་སྤེལ་ཡོད།
-
ཧོ་ནན་ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ(河南郑州商都遗址)ནས་རང་རྒྱལ་གྱིས་ད་བར་མཐོང་སྔ་ཤོས་ཀྱི་སྐུ་དྲག་གི་དུར་སའི་ཕྱོགས་བཞིའི་མཐའ་མཚམས་ཤེས་རྟོགས(兆域)བྱུང་བ་དང་། རང་རྒྱལ་གྱི་དུར་སའི་ཕྱོགས་བཞི་མཐའ་མཚམས་ཀྱི་འབྱུང་ཁུངས་དང་བང་སོའི་ལམ་ལུགས་འཕེལ་རྒྱས་ལ་དཔྱད་བསྡུར་བྱེད་པར་རྒྱུ་ཆ་གསར་པ་མཁོ་འདོན་བྱས་ཡོད།
-
ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་པ་རྒན་གྲས་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཀོང་ཨན་མོན་སྨན་ཁང(广安门医院)གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་བློ་མཐུན་ཏོན་ཧྲེང་རུའུ་ཚེས18ཉིན་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ102ཡིན་པ་རེད།
-
རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཏེ་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་པོ་ཉེ་ཆར་སི་ཁྲོན་ལེང་ཧྲན་དུ་མངོན་ཡོད།
-
ཧྲན་ཏུང་ཆིང་ཏའོ་ཉེན་རྟོག་ཕྱོགས་དང་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་ཆིང་ཏའོ་གྲོང་ཁྱེར་ཡན་ལག་ཅུས་ཀྱིས་མཉམ་འབྲེལ་ཐོག་ས་འོག་དངུལ་ཁང་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར158ཟིན་ཡོད།
-
ཀྲེ་ཅང་ཉིང་པོའི་སྐྱེས་པ་ཏུའུ་ལགས་ཀྱིས་དགའ་རོགས་དང་ཁ་རྩོད་བྱས་པའི་རྐྱེན་གྱིས་ཐོག་ཁང15ནས་ཀོ་སྒམ་གཡུགས་པས། བར་སྣང་ནས་དངོས་པོ་འཕངས་པའི་བྱས་ཉེས་བསགས་ནས་ཉེས་དོན་བཀག་ཉར་བྱས།
-
ཧུའུ་པེའི་ཝུའུ་ཧན་གྱི་བུད་མེད་ཅིག་གི་གློག་སྒུལ་རླངས་འཁོར་སྐོར་ནས་འབྲི་ཆུ་བརྒལ་བའི་ཕུག་ལམ་ནང་རླངས་འཁོར་གྱི་དོན་རྐྱེན་ཐོན་ནས་དྲན་པ་ཐོར་བ་རེད། ལམ་བར་དུ་ཡོད་པའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཀྲང་ཕན་དང་འགྲུལ་པ་ཀུའོ་ལགས་ཀྱིས་བུད་མེད་བསྐྱབས་པ་མ་ཟད། ཁོ་མོ་སྨན་ཁང་དུ་བསྐྱལ་ནས་ཚེ་སྲོག་གི་ཉེན་ཁ་ལས་ཐར་བར་བྱས།
སྲིད་ཇུས།
-
ཧྥུའུ་ཅན་གྱིས་འགན་བཅོལ་ནང་ཞུགས་མཁན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་མཁོ་འདོན་བྱས་པའི་གློག་རྡུལ་སྨན་ཐོ་ལ་བརྟེན་ནས་གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་དུ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་གི་སྨན་རྫས་ཉོས་ནས་ཐོན་པའི་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩས་གཏན་འབེབས་ལྟར་སྤྲོད་དགོས་པ་ཁ་གསལ་བཏོན་ཡོད།
-
ཁྲུང་ཆིང་གིས་བུ་བཅོལ་ཁང་གིས་ལོ3ནས6བར་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་པའི་དགོས་མཁོ་སྐོང་བའི་རྨང་གཞིའི་ཐོག ལོ2ནས3བར་གྱི་བྱིས་པ་བསྡུ་རྒྱུར་རྒྱབ་སྐྱོར་བྱས་ནས་ཀུན་ཕན་རང་བཞིན་གྱི་བཅོལ་གསོའི་ཞབས་ཞུ་སྤེལ་རྒྱུ་ཡིན་པ་བཏོན་ཡོད།
-
ཧྲན་ཏུང་གིས་འཚོ་བར་དཀའ་ངལ་ཡོད་པ་དང་ཁྱིམ་ཚང་ལ་བརྟེན་ནས་བསྙེན་བཀུར་བྱེད་པ་མ་ཟད། ཁེར་རྐྱང་དུ་དུད་ཚང་འཛུགས་ཐབས་བྲལ་བའི་དར་མ་ལས་ཞུགས་མེད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་དེ་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།
དེ་རིང་གི་གནམ་གཤིས།
-
ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་ཡོད། ཡུན་ནན་གྱི་དབུས་བྱང་རྒྱུད་དང་སི་ཁྲོན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་ཡུན་ནན་ནུབ་རྒྱུད་ཀྱི་ས་ཁུལ་ཏུ་ཆར་ཆེན་པོ་འབབ་ཀྱི་ཡོད།