ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་འཚོགས་པ།
发布时间:2024年02月06日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཟླ2པའི་ཚེས5ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བྱ་བ་སྤྱི་སྡོམ་དང་ཉམས་མྱོང་བརྗེ་རེས་བྱས་པ་དང་། གནས་བབ་ལ་དབྱེ་ཞིབ་དང་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཀང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་སྤྱི་སྡོམ་གཏམ་བཤད་སྤེལ།

ཁྲེན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གནང་བ་དེ་བྱ་བ་བཟང་བོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། འབྲུ་རིགས་ཐོན་སྐྱེད་ཐད་ནས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱས་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གསར་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཤིང་། ཞི་མཛེས་གྲོང་གསེབ་ཐད་ནས་རྣམ་པ་གསར་བ་མངོན་ལ། ཞིང་སྡེ་བཅོས་སྒྱུར་ཐད་ནས་གསོན་ཤུགས་གསར་བ་རྒྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་ངོས་འཛིན་དང་བསམ་གཞིགས་བྱེད་སྟངས། བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། ཞིང་གསུམ་བྱ་བར་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་འགོ་བཟང་བོ་བརྩམས།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་ཆེས་ཆེ་བའི་ཞན་ཆ་ཞིང་སྡེ་རུ་ཡོད་པ་དང་། ཆེས་བརྟན་པའི་རྨང་གཞི་ཡང་ཞིང་སྡེ་རུ་ཡོད། ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་གྱི་གནས་ཚུལ་དང་ཞིང་སྡེའི་གནས་ཚུལ་ལ་བསམ་གཞིགས་ཞིབ་མོ་གཏོང་བ། ལོ་རྒྱུས་ཀྱི་ལྟ་བ་དང་མ་ལག་ལྟ་བས་ཞིང་གསུམ་གནད་དོན་ལ་ལྟ་སྟངས་འཛིན་པ། ཞིང་གསུམ་ལས་ཕྱིར་བུད་དེ་ཞིང་གསུམ་ལ་ལྟ་བ། རང་ཞིང་གི་ཞིང་གསུམ་བྱ་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་ཕན་ཡོད་ཆ་རྐྱེན། དཀའ་ཁག་འགྲན་རྩོད་དང་ལས་འགན་གཙོ་བོར་ངོས་འཛིན་གང་ལེགས་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞིང་སྡེ་འབྲོག་ཁུལ་གྱི་བྱ་བ་བཟང་བོར་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཁག་ཁུར་དང་འཇོན་ཐང་། མཚན་སྙན་ཡོད་པ་དང་ལག་རྗེས་ཡོད་པའི་མི་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་དུ་འཇུག་པ། གནད་ཕིགས་མཐིལ་རྟོགས་དང་གནད་ཕིགས་ཇུས་བསྟར་བྱེད་པ། ཉམས་ཞན་ལྷོད་གཡེང་གི་ཏང་རྩ་འཛུགས་ལ་དག་ཐེར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་སེམས་གཅིག་ཏུ་བསྡུ་བ། འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། རང་འགུལ་གྱིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པའི་དམར་མཚམས་བརྟན་སྲུང་བྱེད་པ། རིགས་གསར་ལས་རིགས་ཀྱི་ཞིང་བ་སྐྱེད་སྲིང་བྱེད་པ། རིགས་གསར་ཞིང་ལས་ཀྱི་ཚོང་གཉེར་གཙོ་གཞི་འཕེལ་རྒྱས་སུ་བཏང་ནས། ཞིང་པའི་འབྲུ་འདེབས་ཁེ་འབབ་ལ་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ནུས་པ་མཐོར་འདེགས་གཏོང་བ་དང་། ཚན་རིག་ཞིབ་འཇུག་གླིང་དང་གློག་ཚོང་ལས་སྟེགས་སོགས་ལ་མཉམ་འབྲེལ་བྱས་ནས་རྟོག་ཞིབ་མཛུབ་སྟོན་བྱེད་པ། སྡེ་བའི་བར་གྱི་མཉམ་ལས་དང་སྡེ་བ་དང་ཁེ་ལས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། དགེ་མཚན་ཁ་གསབ་དང་ཐོན་ཁུངས་མཉམ་སྤྱོད། གྲུབ་འབྲས་སྣོལ་འདྲེས་ཀྱི་ཐོན་ལས་ལས་གཞི་གསར་སྐྲུན་བྱེད་དགོས། འཆར་གཞིའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་དུས་རིམ་དང་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་དམིགས་ནས་སྡེ་བ་གཅིག་ལ་སྲིད་ཇུས་གཅིག་སྤྱོད་པར་རྐང་བཙུགས་ཏེ་འཆར་འགོད་སྒྲིག་བཟོ་བྱེད་པ། སྲོལ་མང་གཅིག་སྒྲིལ་ལ་སྐུལ་འདེད་བཏང་ནས། སྡེ་བ་སོ་སོས་རང་སྡེ་བ་དང་འཚམ་པའི་ཆེས་ལེགས་པའི་བྱེད་ཐབས་འཚོལ་ཐུབ་པར་བྱེད་དགོས། རོང་འབྲོག་དམངས་ཀྱི་ལས་ཞུགས་རྩལ་ནུས་མཐོར་འདེགས་གཏོང་བ་དང་། ཚོང་རའི་ལས་ཞུགས་དགོས་མཁོ་དང་རོང་འབྲོག་དམངས་ཀྱི་ལས་ཞུགས་རེ་འདུན་ལ་རྒྱུས་ལོན་ཡང་དག་བྱེད་པ། གསོ་སྦྱོང་ཐོན་ཁུངས་སྒྲིག་སྦྱོར་ལ་ཤུགས་སྣོན་པ། ལས་རིགས་སློབ་གྲྭའི་ནུས་པ་འདོན་སྤེལ་བྱས་ནས། རོང་འབྲོག་དམངས་ཀྱི་ལས་ཞུགས་ཡོང་འཕར་ཐད་སྣེ་ཁྲིད་བྱེད་དགོས། ས་ཡོམ་བྱུང་བའི་དབང་གིས་གཞི་ཁྱོན་རང་བཞིན་གྱི་དབུལ་འགྱུར་སྣང་ཚུལ་འབྱུང་བར་བཀག་འགོག་བྱེད་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་དང་དམིགས་བསལ་མི་ཚོགས་ལ་རྒྱུན་མཐུད་ངང་དོ་སྣང་བྱས་ཏེ། མང་ཚོགས་དཀའ་གནད་ལས་སྒྲོལ་བར་སྣེ་ཁྲིད་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ཀྱི་འགག་སྒོ་བརྟན་སྲུང་བྱེད་པ། ལྟ་སྐུལ་མཛུབ་སྟོན་དང་དོ་དམ་སྲུང་སྐྱོབ་ལ་ཤུགས་བསྣན་ནས། མུའུ་གཅིག་འཛུགས་སྐྲུན་བྱེད་ན། མུའུ་གཅིག་ལ་དོ་དམ་བྱེད་པར་ཁག་ཐེག་བྱེད་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ཟབ་མོ་བྱེད་པ་དང་། གད་སྙིགས་སྡུད་རུབ་བརྒྱུད་སྐྱེལ་དང་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱིས་གད་སྙིགས་རིགས་བགར་བྱེད་པར་སྣེ་ཁྲིད་བྱས་ཏེ། འགོ་ཁུངས་ནས་གྲངས་ཚད་ཇེ་ཉུང་དུ་གཏོང་བ་མངོན་འགྱུར་བྱེད་དགོས། སྡེ་སྡོད་བྱ་བའི་རུ་མིའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྟོབས་ལྡན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། སྡེ་བ་སྟོབས་ལྡན་དང་མང་ཚོགས་ཕྱུག་པོར་བསྒྱུར་བ་དང་། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་ཞབས་འདེགས་ཞུ་བ། ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པར་གཅིག་འདོམས་བྱེད་པ། ཚན་རྩལ་ཆེད་མངགས་པ་དང་སྐྱེ་ཁམས་དོ་སྲུང་པ་སོགས་ཀྱི་སྟོབས་ཤུགས་བཀོལ་སྤྱོད་བཟང་བོ་བྱས་ནས། གཞི་རིམ་གྱི་དྲ་མིག་ཇེ་བརྟན་དུ་གཏོང་དགོས། གསུམ་གཉིས་གཅིག་གི་དཔེ་སྟོན་སྣེ་ཁྲིད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ། རྫོང་ཁོངས་ཀྱི་སྡེ་བར་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ། ལོ་རེར་ཞི་མཛེས་གྲོང་གསེབ་སུམ་བརྒྱ་འཛུགས་སྐྲུན་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་སྡེ་བ་ཉིས་བརྒྱ་གསར་སྐྲུན་བྱེད་པ། གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་བརྒྱ་འཛུགས་སྐྲུན་བྱེད་རྒྱུ་རེད།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་བྱེད་པ། འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བྱ་བའི་བྱེད་ཐབས་ལེགས་སྒྱུར་བྱེད་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བྱ་བའི་སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དཀའ་གནད་དང་འགག་གནད་སྐོར་ཞིག་ཐག་གཅོད་པ། མང་ཚོགས་ཀྱིས་མྱོང་ཚོར་བྱེད་ཐུབ་པའི་དོན་དངོས་དང་དོན་བཟང་སྐོར་ཞིག་སྒྲུབ་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་གསར་བ་སྤོ་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་གཏམ་བཤད་བྱེད་སྐབས་བསྟན་དོན། གཙོ་གནད་ལ་དམིགས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ། སྤྱི་ཁོག་ནས་སྤེལ་བ་དང་གཙོ་གནད་འགག་སྒྲོལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་དང་། འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། གྲོང་གསེབ་ཀྱི་དགེ་མཚན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཞི་མཛེས་གྲོང་གསེབ་རྒྱུན་མཐུད་ངང་འཛུགས་སྐྲུན་ཟབ་མོ་བྱེད་པ། གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་གཏོང་བའི་ལས་འགན་གཙོ་བོ་དང་གསུམ་གཉིས་གཅིག་གི་དཔེ་སྟོན་སྣེ་ཁྲིད་བཟོ་སྐྲུན་དམ་འཛིན་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་ལག་བསྟར་དམ་འཛིན་བྱེད་པ། ནོར་སྲིད་གཙོར་བཟུང་ནས་འགན་སྲུང་བྱེད་པ་དང་དངུལ་རྩ་གཙོར་བཟུང་ནས་གཟིགས་སྐྱོང་བྱེད་པ། སྤྱི་ཚོགས་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པའི་སྣ་མང་དངུལ་གཏོང་རྐྱེན་སྲོལ་གྲུབ་པར་བྱེད་པ། གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་ནང་མཁོ་རྒྱ་བསྐྱེད་པ། ལས་ཞུགས་ཡོང་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་ཁྲོད་ཞིང་ལས་ཞིང་སྡེ་སྔོན་དུ་འཕེལ་རྒྱས་སུ་གཏོང་བའི་རེ་བ་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་སྣེ་ཁྲིད་མི་སྣ་དང་ཐོན་ལས་སྣེ་ཁྲིད་མི་སྣ། སྲིད་ཇུས་ཤེས་མཁན་སྔར་ལས་མང་བོ་སྐྱེད་སྲིང་བྱེད་དགོས། སེམས་ཤུགས་གཅིག་ཏུ་བསྡུས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ཏང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ། གཞི་རིམ་དུ་བསྐྱོད་པ་བཞི་ཡི་ལམ་ལུགས་དོན་འཁྱོལ་བྱེད་པ། ཞིང་པར་རོགས་སྐྱོར་བྱེད་པའི་ལམ་བུ་གེགས་མེད་ཡོང་བར་བྱེད་པ། རང་རྟོགས་སྒོས་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་བྱས་ནས། གཞི་རིམ་གྱི་གསར་སྐྲུན་རང་བཞིན་དང་རོང་འབྲོག་མང་ཚོགས་ཀྱི་ངར་སེམས་ཆེར་བསྐྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ལ་སྔར་ལས་མཐོང་ཆེན་བྱེད་པ་དང་ཞིང་སྡེ་ལ་སྔར་ལས་སེམས་ཁུར་བྱེད་པ། རོང་འབྲོག་དམངས་ལ་སྔར་ལས་གཟིགས་སྐྱོང་བྱེད་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས།

ལིའུ་ཆི་ཧྥན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ་སྐབས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་ཀློག་ཟབ་མོ་བྱེད་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་དང་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་བཀོད་སྒྲིག་ཐེངས་གཅིག་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། མགོ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པ་དང་བཀག་སྡོམ་དོ་དམ་བྱེད་པ། འགྲན་སྡུར་བྱེད་པ། དཔེ་སྟོན་སྣེ་ཁྲིད་བྱེད་པ་སོགས་བྱས་ནས་ལག་བསྟར་དམ་འཛིན་བྱེད་པའི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྒྱུས་ལོན་རྟོག་ཞིབ་དང་ཚོང་རྟགས་ཀྱི་སྣེ་ཁྲིད། ཚད་གཞིའི་སྣེ་ཁྲིད། གཅིག་འདོམས་གཅིག་བསྡུས། མཉམ་བསྲེས་གསར་གཏོད་སོགས་བྱས་ནས་ལག་བསྟར་དམ་འཛིན་བྱེད་པའི་བྱ་བའི་བྱེད་ཐབས་གསར་གཏོད་བཀོལ་སྤྱོད་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི་སྣེ་ཁྲིད་དང་མ་དངུལ་འགན་སྲུང་། ཕྱུག་སྒྱུར་སྣེ་ཁྲིད་པའི་སྣེ་ཁྲིད། སློབ་གསོ་གསོ་སྦྱོང་སོགས་ལ་ཤུགས་བསྣན་ནས་ལག་བསྟར་དམ་འཛིན་བྱེད་པའི་ཆ་སྡེབས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། བྱ་བ་སྣ་ཚོ་གས་དམ་འཛིན་བྱས་ནས་གྲུབ་འབྲས་བླངས་ཏེ། ཞིང་གསུམ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་བྱས་པར་མ་ཟད་ད་ལོའི་ལས་བྱེད་པ་ཁྲི་གཅིག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ་ཤུགས་ཡོད་ནུས་ལྡན་སྒོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱིས་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ནས་མཐོ་སྒང་གི་བབ་སྡོད་ལས་བརྩོན་དང་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ལོ་ལྔའི་འགུལ་སྐྱོད་ཇུས་གཞི་ལ་གྲོས་སྡུར་བྱས། འབྲེལ་ཡོད་ས་ཁུལ་གྱིས་བརྗེ་རེས་གཏམ་བཤད་བྱས།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་དབྱང་ཧྥ་སིན། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ཀྲང་ཧོང་ཡོན། ལོའུ་ཀང་། དབྱང་ཀྲི་ཝུན། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཀྲིན་ཁྲང་བཅས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས།