སློབ་སྐབས་གསར་པར་འདི་དག་ཡག་པོར་བསྒྲུབ་དགོས།
发布时间:2024年02月27日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས།ཚེ་བརྟན་བཀྲ་ཤིས།
སློབ་སྐབས་གསར་པའི་མགོ་ཚུགས་གྲབས་ཡོད་ཅིང་། སློབ་མ་རྣམས་ཀྱང་སློབ་རའི་ནང་བསྐྱོད་ལ་རན། དུས་ཐོག་ཏུ་འཚོ་བའི་གོམས་གཤིས་ལ་འགྱུར་བ་བཏང་ནས་བདེ་ཐང་གི་འཚོ་བའི་གོམས་གཤིས་འཇགས་པར་བྱས་ཏེ། རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པ་བྱ་དགོས། གློག་རྡུལ་འཆར་ཤེལ་བཀོལ་སྤྱོད་ཀྱི་དུས་ཚོད་ཇེ་ཉུང་དང་། བཟའ་བཏུང་ལུགས་མཐུན། འགུལ་སྐྱོད་མང་ཙམ། སེམས་བག་ཡངས་ཙམ་བྱ་དགོས། སློབ་མ་ཚོས་བདེ་ཐང་གི་འདུ་ཤེས་ཆེ་རུ་བཏང་ནས་རང་རྟོགས་ངང་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱས་ཏེ་རང་ཉིད་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཏེ།གཅིག རྒྱང་འགྲིབ་སྔོན་འགོག་བྱེད་པ། དུས་ཡུན་རིང་པོར་གློག་རྡུལ་སྒྲིག་ཆས་བེད་སྤྱད་ན་མིག་ཐང་ཆད་སྲིད་ལ་རྒྱང་འགྲིབ་ནད་ཕོག་སླ་བོ་ཡོད། དེའི་དོན་ང་ཚོས་བདེ་ཐང་གི་འཚོ་བར་རོལ་ནས་རྒྱང་འགྲིབ་ཕོག་རྒྱུ་སྔོན་འགོག་བྱ་དགོས། 1.གློག་རྡུལ་བརྙན་ཡོལ་བཀོལ་སྤྱོད་བྱ་རྒྱུར་ཚོད་འཛིན་བྱ་དགོས། གློག་རྡུལ་འཆར་ངོས་ལ་བསྟུད་མར་ལྟ་བའི་དུས་ཚོད་ཇེ་ཉུང་དུ་གཏང་དགོས། དཔེར་ན་ཁ་པར་དང་གློག་ཀླད་སོགས་ཉུང་ཙམ་ལྟ་བ་དང་། ཤོག་བཟོས་དཔེ་དེབ་མང་ཙམ་བཀླག་དགོས་ལ་སློབ་སྦྱོང་དང་རོལ་རྩེད་ཀྱི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱ་དགོས། 2.ཕྱི་རོལ་གྱི་བྱེད་སྒོ་དང་ལུས་རྩལ་སྦྱོང་བརྡར་ཇེ་མང་དུ་གཏང་དགོས། ཕྱི་རོལ་དུ་བྱེད་སྒོ་མང་ཙམ་བྱ་དགོས། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་རྒྱུགས་ཤར་གློད་པ། རྐང་འཁོར་བཞོན་ནས་འགྲོ་བ་སོགས་བྱས་ནས་མིག་ཤེད་ལ་ངལ་གསོ་གང་ལེགས་དང་རྒྱང་ལྟ་བྱེད་པའི་གོ་སྐབས་ཐོབ་པ་བྱ་དགོས། ལུས་རྩལ་སྦྱོང་བརྡར་བྱས་ན་ཁྲག་གི་འཁོར་སྐྱོད་ལ་ཕན་པ་དང་མིག་བདེ་ཐང་ལ་ཕན་པ་ཡོད། 3.ཁོར་ཡུག་གི་གློག་སྒྲོན་ལ་དོ་སྣང་བྱ་དགོས། སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཏུ་འོས་འཚམ་གྱི་གློག་སྒྲོན་ཡོད་པར་བྱ་དགོས། 4. དུས་བཀག་ནང་མིག་ལ་བརྟག་དཔྱད་བྱ་དགོས། སློབ་སྐབས་རེར་ཉུང་མཐར་ཡང་མིག་ལ་བརྟག་དཔྱད་ཐེངས་རེ་བྱས་ནས་རྒྱང་འགྲིབ་མིག་ནད་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་ཐག་གཅོད་བྱ་དགོས། གལ་ཏེ་རྒྱང་འགྲིབ་མིག་ཏུ་ངོས་འཛིན་བྱས་ཟིན་ན། རང་ཉིད་ལ་འཚམ་པའི་མིག་ཤེལ་སྒྲིག་སྦྱོར་བྱས་ནས་གྱོན་དགོས།གཉིས། གཟུགས་པོའི་ལྗིད་ཚད་ལ་ཚོད་འཛིན་དང་། འཚོ་བཅུད་དོ་མི་སྙོམས་པའི་གནས་ཚུལ་མི་འབྱུང་བར་སྔོན་འགོག་བྱ་དགོས།བཟའ་བཏུང་མི་སྙོམས་པ་དང་འགུལ་སྐྱོད་མ་བྱས་ན་སློབ་མའི་གཟུགས་པོའི་ལྗིད་ཚད་ལྕི་རུ་འགྲོ་སྲིད་པ་དང་། ཚད་ལས་བརྒལ་བའི་བཟའ་བཏུང་གིས་འཚོ་བཅུད་མི་འདང་བ་བཟོ་སྲིད། དེར་བརྟེན། ང་ཚོས་གང་མགྱོགས་བདེ་ཐང་གི་འཚོ་བར་རོལ་སྟངས་ལ་སྙོམས་སྒྲིག་དང་རྒྱུན་འཁྱོངས་བྱས་ཏེ། ལྗིད་ཚད་ལས་བརྒལ་ནས་རྒྱགས་པ་ཆགས་པའམ་འཚོ་བཅུད་མི་འདང་བའི་གནས་ཚུལ་མི་འབྱུང་བར་སྔོན་འགོག་བྱ་དགོས། 1.ལྟོ་ཆས་ལུགས་དང་མཐུན་པར་སྤྱད་རྒྱུར་དོ་སྣང་བྱ་དགོས་ཏེ། དྲོད་ཚད་མཐོ་བ་དང་ཚིལ་མང་བའི་བཟའ་བཅའ་ཉུང་དུ་བཏང་ནས་སྤུས་ལེགས་སྤྲི་དཀར་དང་། སྔོ་ཚལ། ཤིང་འབྲས། དེ་བཞིན་འབྲུ་རིགས་དག་གི་ཟས་རིགས་བཟའ་བར་འགན་ལེན་བྱེད་པ་དང་ཆབས་ཅིག་ཟས་རིགས་ཀྱི་ཚ་དྲོད་ཚོད་འཛིན་གྱིས་བག་མེད་བཟའ་འཐུང་བྱ་མི་རུང་།2.ལུས་རྩལ་སྦྱོང་བརྡར་མང་དུ་གཏང་དགོས་ཏེ། ཉིན་རེར་ཆེས་ཉུང་མཐར་ཡང་སྐར་མ60ཡི་རིང་ལ་ཚད་འབྲིང་གི་ལུས་རྩལ་རྩེད་དགོས། དཔེར་ན་མགྱོགས་པོར་འགྲོ་བ་དང་། རྒྱུག་ཤར་གློད་པ། ཆུ་རྐྱལ་རྒྱག་པ་སོགས་གོམས་གཤིས་བཟང་པོ་རང་ལུས་ལ་འཇགས་པར་བྱས་ནས་ལུས་རྩལ་རྩེད་རྒྱུ་དེ་སློབ་མ་རྣམས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་འགྱུར་དུ་འཇུག་དགོས། 3.ཆོས་ཉིད་ལྟར་ངལ་གསོ་བྱ་དགོས་ཏེ། ཆོས་ཉིད་ལྟར་ངལ་གསོ་བའི་དུས་ཚོད་རྒྱུན་འཁྱོངས་བྱེད་པ་དང་། མཚན་འཁྱོངས་དང་གཉིད་མི་འདང་བ་སྔོན་འགོག་བྱས་ན། ལུས་པོའི་རྙིང་ཚབ་གསར་བྱེད་དང་ལུས་པོའི་ལྗིད་ཚད་འཕར་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་བར་ཕན་ཐོགས་ཡོད། གསུམ། གཟུགས་བྱད་ལ་དང་དོད་དང་སྒལ་གཞུང་བདེ་ཐང་སྲུང་སྐྱོང་བྱ་དགོས། ཡང་དག་པའི་འགྲོ་སྡོད་འདུག་གསུམ་རྒྱུན་འཁྱོངས་བྱེད་པ་ནི་སྒལ་གཞུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་གནད་འགག་ཅིག་ཡིན་ཞིང་། དེ་ལ་ང་ཚོས་གཤམ་གསལ་ལྟར་བསྒྲུབ་དགོས། 1.སྦྱོང་བརྡར་དང་ཕྱི་རོལ་གྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏང་དགོས། ལུས་རྩལ་སྦྱོང་བརྡར་སྣ་ཚོགས་ནང་མང་ཙམ་ཞུགས་ནས་ཤ་གནད་ཀྱི་སྟོབས་ཤུགས་ཆེ་རུ་གཏང་དགོས། དེ་དང་ཆབས་ཅིག་ཕྱི་རོལ་གྱི་བྱེད་སྒོའི་ནང་ཞུགས་ནས་གཟུགས་པོར་ཁྱོན་ཡོངས་ནས་སྦྱོང་བརྡར་ཐོབ་པ་བྱ་དགོས། 2.ནམ་རྒྱུན་སློབ་སྦྱོང་དང་འཚོ་བའི་ཁྲོད་དུའང་ཡང་དག་པའི་སྡོད་སྟངས་དང་། ལངས་སྟངས། འགྲོ་སྟངས་བཅས་རྒྱུན་འཁྱོངས་བྱ་དགོས། དུས་ཡུན་རིང་པོར་་མགོ་བོ་སྒུར་བའམ་སྐེད་པ་སྒུར་བ། ལུས་པོ་འཁྱོག་པོར་འགྱུར་བ་བཅས་བྱ་མི་རུང་། 3.དུས་བཀག་ངལ་གསོ་བྱ་དགོས་ཏེ། དུས་ཡུན་རིང་པོར་སྡོད་སྟངས་གཅིག་རྒྱུན་འཁྱོངས་བྱས་ན་ཤ་གྲིམ་ངལ་དུབ་དང་སྒལ་གཞུང་གནོན་ཤུགས་ཇེ་ཆེར་འགྲོ། དུས་རྒྱུན་དུ་ཡར་ལངས་ནས་འགུལ་སྐྱོད་བྱ་དགོས་ལ། རྐྱོང་སྐུམ་འགུལ་སྐྱོད་བྱས་ནས་ཤ་གྲིམ་འཁུམ་ཞི་ལྷོད་དུ་གཏང་དགོས།བཞི། སེམས་ཁམས་བདེ་ཐང་ལ་དོ་སྣང་བྱས་ནས་སེམས་བག་ཡངས་པོ་ཡོང་བར་བྱ་དགོས། སློབ་སྦྱོང་གི་གནོན་ཤུགས་ཆེ་དྲགས་པ་དང་སློབ་མ་ཆེ་ཆུང་བར་དབང་ཡོད་ཤོད་པ་སོགས་ལས་སློབ་བུའི་བར་གྱི་འབྲེལ་བ་ཛ་དྲག་ཏུ་འགྲོ་ཉེན་ཡོད་ཅིང་། དེས་སློབ་མའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། དེའི་དོན་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ལ། དགེ་རྒན་དང་ཁྱིམ་བདག་སོགས་པའི་སྤྱི་ཚོགས་ཧྲིལ་པོས་སྣང་ཆུང་རྩ་བ་ནས་བྱེད་མི་རུང་།1.སེམས་བག་ཡངས་པོ་རྒྱུན་འཁྱོངས་བྱ་དགོས་ཏེ། ཧུར་བརྩོན་དང་སྤྲོ་སྣང་གི་རྣམ་འགྱུར་འཛིན་དགོས་པ་དང་། དཀའ་ངལ་དང་འཕྲད་དུས་དཔའ་ངར་ཆེན་པོས་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱ་དགོས། སེམས་ཁམས་ཀྱི་ཤུགས་སྟོན་པའམ་རང་གིས་རང་ལ་སྐུལ་མ་གཏོང་བའི་ཚོད་ལྟ་བྱེད་ཆོག་པས། རང་ལ་སེམས་ཤུགས་སྤྲད་དེ་དཀའ་ངལ་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏང་དགོས། 2. འབྲེལ་གཏུག་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏང་དགོས་ཏེ། ཁྱིམ་མི་དང་། གྲོགས་པོ། དགེ་རྒན་བཅས་དང་འབྲེལ་བ་གང་ལེགས་བྱས་ནས། རང་ཉིད་ཀྱི་མྱོང་ཚོར་ཤོད་དགོས་ལ། སོམ་ཉིའི་དྲ་བར་ཚུད་པའི་གནད་དོན་ཡོད་ན་དུས་ཐོག་ཏུའང་དགེ་རྒན་དང་ཁྱིམ་བདག་སོགས་བཙལ་ནས་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཐབས་བྱེད་ཆོག དུས་རྒྱུན་དུ་ཁྱིམ་མི་དང་གྲོགས་པོ་དང་ལྷན་འཛོམས་ཀྱིས་ཕན་ཚུན་གྱི་འཚོ་བ་དང་སློབ་སྦྱོང་གི་མྱོང་བ་ལོངས་སྤྱོད་བྱས་ཆོག 3.སྤྲོ་བ་དང་དགའ་ཕྱོགས་གསོ་སྐྱོང་བྱ་དགོས་ཏེ། རང་གི་སྤྲོ་བ་ཡོད་པའི་བྱ་འགུལ་ལམ་ཚོགས་པ་ལ་ཞུགས་ཏེ། རང་ཉིད་ཀྱི་དགའ་ཕྱོགས་གསོ་སྐྱོང་བྱ་དགོས། དེ་ལྟར་བྱས་ན་དོ་སྣང་བྱེད་ཡུལ་བསྒྱུར་ནས་སློབ་སྦྱོང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་། སྤྲོ་སྣང་ཇེ་མང་དང་ཡིད་ཚིམས་པའི་ཚོར་བ་སྟེར་ཐུབ། 4.རང་འགུལ་ངང་ཆེད་ལས་ཀྱི་རོགས་རམ་འཚོལ་དགོས། གལ་ཏེ་སེམས་ཁམས་མི་སྐྱིད་པའམ་ཡང་ན་སེམས་ཁྲལ་བྱུང་ཚེ་དུས་ཐོག་ཏུ་སེམས་ཁམས་ཀྱི་བློ་འདྲི་དང་ཆེད་ལས་ཀྱི་རོགས་རམ་འཚོལ་དགོས། སེམས་ཁམས་འདྲི་རྩད་མཁན་ནམ་ཡང་ན་སེམས་ཁམས་སྨན་པས་ཆེད་ལས་ཀྱི་མཛུབ་སྟོན་དང་རོགས་རམ་བྱས་ཏེ་ང་ཚོ་དཀའ་ངལ་ལས་གྲོལ་བར་རོགས་རམ་བྱ་དགོས།