རང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་བསྡུས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་(རྒྱས་འཛོམས)གྲོས་ཚོགས་བསྡུས་ནས། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་(རྒྱས་འཛོམས)གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་བཀོད་སྒྲིག་བྱས་ནས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ནུས་ཤུགས་ཡོད་པ་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཐའ་ཚད་འཛིན་སེམས་སྔར་བས་ཇེ་དྲག་ཏུ་བཏང་སྟེ་ཞིང་ཆེན་དང་རང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དང་ཞིབ་སྡུར་ནན་ཏན་བྱས་ནས་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ཞིབ་ཚགས་བྱེད་དགོས། གཙོ་གནད་ལ་དམིགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ཏན་ཏིག་ངང་སྤེལ་དགོས། འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་མུ་མཐུད་དུ་སྤེལ་བ་དང་“5685”ལས་ཀའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ངོ་བོ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ། འགོག་སྲུང་འཛིང་རགས་བརྟན་པོ་དང་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་“མི་བྱེད་པ་བཞི་དང་ཐད་ཀར་གཉིས། ”མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱེད་པ། མཉམ་འབྲེལ་ཐོག་ཁྲིམས་ལག་བསྟར་བྱེད་པ། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”སོགས་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་སྟངས་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་བྱ་དགའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་གླེང་ཕྱོགས་ཀྱི་ལྟ་སྐུལ་མཁའ་དབུགས་སྟུག་པོ་ཞིག་ཆགས་སུ་འཇུག་དགོས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་ལེགས་སྒྲུབ་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བར་དོགས་ཟོན་བྱ་དགོས་ཟེར།
ཨ་ཁྱུང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན།
གྲོས་ཚོགས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཚོགས་ཤིང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་ཧ་ཝུན་ཞུག་གྲོས་ཚོགས་སུ་ཞུགས།