ཟླ5པའི་ཚེས31ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་པར་གཞིགས་ན། ཟླ6པའི་ཚེས4ནས་ཚེས8ཉིན་བར་རྒྱལ་ཡོངས་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་ཆེན་མོ་སྐབས་དང་པོའི(ནུབ་བྱང་འགྲན་ཁུལ)ལག་རྩེད་སྤོ་ལོ་འགྲན་སྡུར་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་སྤེལ་རྒྱུ་རེད། ཧྲའན་ཞི་དང་ཀན་སུའུ། ཉིང་ཞ། ཤིན་ཅང་། མཚོ་སྔོན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་རུ་ཁག་འགྲན་སྡར་ལ་ཞུགས་རྒྱུ་རེད།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི"རྒྱལ་ཡོངས་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་ཆེན་མོ་སྐབས་དང་པོ"ཟླ5པའི་ཚེས20ཉིན་མགོ་བརྩམས་པ་དང་འགྲན་སྡུར་གྱི་བྱེད་སྒོ་སོ་སོ་ཟླ5པ་ནས་ཟླ10པའི་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་གཏན་འབེབས་གཞིར་བཟུང་ཐེངས་འདིའི་འགྲན་སྡུར་ཆེན་མོར་གཅིག་གྱུར་གྱི་འགྲན་སྡུར་མཚོན་རྟགས་སྤྱོད་པ་དང་གཅིག་གྱུར་གྱི་མགོ་རྩོམ་མཛད་སྒོ་སྤེལ་བ། ལས་གཞི་ལྔ་གཅིག་གྱུར་གྱིས་གཏན་འབེབས་བྱས་ནས་རྒྱལ་ཡོངས་སུ་འགྲན་ཁུལ7ལ་དབྱེ་བ་དང་གཅིག་སྡུད་དམ་ཁ་ཐོར་གྱི་བྱ་ཐབས་སྤྱད་དེ་འགྲན་སྡུར་སྤེལ་བ། གཏན་འབེབས་ལས་གཞི་ལྔ་ཕུད་འགྲན་ཁུལ་སོ་སོས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རང་འདེམས་ལས་གཞི་གཏན་འཁེལ་བྱས་ཡོད། མིག་སྔར། ནུབ་བྱང་འགྲན་ཁུལ་གྱི་འགྲན་སྡུར་གཅིག་རྗེས་གཉིས་མཐུད་ངང་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་འགན་སྒྲུབ་བྱས་པའི་ནུབ་བྱང་འགྲན་ཁུལ་གྱི་ལག་རྩེད་སྤོ་ལོ་འགྲན་སྡུར་ནང་མི་ལྔའི་ལམ་ལུགས་དང་མི་གསུམ་ལམ་ལུགས་སོགས་ཕོ་མོའི་རུ་ཁག་བཞི་བཙུགས་པ་དང་འགྲན་ཞུགས་ཞིང་ཆེན་སོ་སོས་གྲ་སྒྲིག་སྦྱོང་བརྡར་ཧུར་ཐག་བྱས་ནས་གྲུབ་འབྲས་བཟང་པོ་ལེན་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།
མཚོ་སྔོན་དུ་ལག་རྩེད་སྤོ་ལོའི་ལུས་རྩལ་ལ་མང་ཚོགས་ཀྱི་རྨང་གཞི་ཆེན་པོ་ལྡན་པ་དང་ཐེངས་འདིའི་འགྲན་སྡུར་སྤེལ་དོན་ནི་མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་བྱེད་སྒོ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་དང་མང་ཚོགས་ཀྱི་ལུས་རྩལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུ་ཚད་མཐོ་བའི་ལུས་རྩལ་འགྲན་སྡུར་ལ་བརྟེན་ནས་ལག་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་དུས་མཚུངས་སུ། འགྲན་སྡུར་གྱི་དཔལ་འབྱོར་ནུས་པ་འདོན་སྤེལ་བྱས་ཏེ་འགྲན་སྡུར་ལ་བརྟེན་ནས་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར་དང་ཚོང་ལས་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་པར་སྐུལ་འདེད་གཏོང་རྒྱུ་རེད།