དེ་རིང་ཉིན་གུང་གི་ཆུ་ཚོད1:30ཡི་སྟེང་འགྲན་སྡུར་མགོ་བརྩམ་རྒྱུ་རེད། ཆོས་དབྱིངས་སྐྱིད་ཤུགས་རྒྱོབ།

发布时间:2024年08月07日 消息来源:


སྒྲིག་སྒྱུར། ཚེ་གཟུངས་སྐྱིད། ཡོང་ཁུངས། ཟི་ལིང་དགོང་དྲོའི་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


པེ་ཅིང་གི་དུས་ཚོད་ཚེས7ཉིན་གྱི་ཆུ་ཚོད13དང་སྐར་མ30ཡི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ཁབ་རུ་ཁག་གི་ལྭ་བ་གྱོན་ཏེ་མ་ལ་སུང་འདུར་རྒྱུག་འགྲན་སྡུར་གྱི་མཉམ་བསྲེས་མཐུད་རྒྱུག་འགྲན་ལམ་དུ་ཞུགས་ཏེ་འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་མངོན་རྒྱུ་རེད། དེ་ནི་མྱུར་ཚད་དང་བཟོད་ཤུགས་ཀྱི་འགྲན་སྡུར་ཙམ་མ་ཟད། ཆོས་དབྱིངས་སྐྱིད་ཀྱི་མི་ཚེའི་བྱ་བཞག་ཁྲོད་འོད་སྟོང་འབར་བའི་ལེའུ་ཞིག་ཀྱང་ཡིན།

འགྲན་སྡུར་དུ་མ་སོང་བའི་སྔོན་ལ། ཆོས་དབྱིངས་སྐྱིད་ཀྱིས་ཕ་ཡུལ་གྱི་སྨྱན་བྱད་བརྙན་མིག་བརྒྱུད་ནས་གདེང་ཚོད་ལྡན་པའི་སྒོ་ནས་བཤད་རྒྱུར། “འདི་ནི་ངའི་མི་ཚེའི་བྱ་བཞག་ཁྲོད་ཀྱི་ཆེས་མཇུག་མཐའི་ཨོ་རྩལ་འགྲན་ཚོགས་ཡིན་ནའང་ཐང་། དེ་བས་སྐད་ཅིག་མ་རེ་རེ་ནི་ཧ་ཅང་རྩ་ཆེ་བ་ཞིག་ཡིན། ངས་མདུན་ཕྱོགས་ཀྱི་ལམ་ཁ་ནི་ཅི་འདྲའི་ཀྱག་ཀྱོག་ཅིག་ཡིན་པ་གསལ་བོར་ཤེས། ཡིན་ནའང་ངས་རྒྱལ་ཁ་ཐོབ་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད། ད་ཐེངས་ཀྱི་འགྲན་སྡུར་ཁྲོད་ངས་བྱ་དགའ་ལེན་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན་པ་མ་ཟད། ནུས་ཤུགས་ཡོད་རྒུས་གསེར་གྱི་རྟགས་མ་ཐོབ་པར་འབད་པ་བྱས་ཏེ། རང་གི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ལོ་རྒྱུས་ལ་རྫོགས་ཚིག་ཡག་པོ་ཞིག་དགོད་རྒྱུ་ཡིན།”ཞེས་བཤད་ལ། སྐད་ཆའི་ཚིག་འབྲུ་རེ་རེར་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་འདུག

ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པའི་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན་པའི་ཆ་ནས། ཆོས་དབྱིངས་སྐྱིད་ཀྱི་མིང་བྱང་དེ་སྔ་མོ་ནས་ཀྲུང་གོའི་ལུས་རྩལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དེབ་ཐེར་ཐོག་བརྐོས་ཡོད་དེ། འགྲན་སྡུར་དུ་ཞུགས་ཐེངས་རེར་མི་བགྲང་ལས་འདས་པའི་རེ་བ་དང་ཕུགས་འདུན་ཁོ་མོའི་སྟེང་བཅོལ་ཡོད། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་མགོ་མ་བརྩམ་པའི་སྔོན། ཆོས་དབྱིངས་སྐྱིད་ཀྱི་གྲ་སྒྲིག་གི་གནས་ཚུལ་ཤིན་ཏུ་ལེགས་ཏེ། ཨོ་རྩལ་འགྲན་ཚོགས་སྔོན་གྱི་འགྲན་སྡུར་རབ་དང་རིམ་པའི་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་བླངས་ཡོད། དེ་དག་གིས་ཀྱང་མོ་ལ་ཡིད་ཆེས་དང་གདིང་ཤུགས་བསྣན་ཡོད་པ་གདོན་མི་ཟ།

མ་ལ་སུང་འདུར་རྒྱུག་མཉམ་བསྲེས་མཐུད་རྒྱུག་འགྲན་སྡུར་གྱིས་ལུས་རྩལ་པ་མི་སྒེར་གྱི་ལུས་སྟོབས་དང་ཐབས་རྩལ་ཐད་རྒྱ་མ་འཇལ་བཞིན་ཡོད་པ་མ་ཟད། ཚོགས་པའི་དབར་གྱི་མཉམ་ལས་དང་གཞོགས་འདེགས་ལ་དེ་བས་གཙིགས་མཐོང་བྱེད་བཞིན་ཡོད། ཆོས་དབྱིངས་སྐྱིད་ཀྱིས་རུ་མི་ཚོ་དང་དཔུང་པ་མཉམ་གཤིབ་ཀྱིས་རྔུལ་ཆུ་དང་རྒྱུན་འཁྱོངས་ལ་བརྟེན་ནས“མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན”ཞེས་པའི་བདེན་ལུགས་ལ་འགྲེལ་བཤད་རྒྱག་རྒྱུ་རེད་ལ།   མྱུར་ཚད་དང་ཐབས་ཇུས་ཀྱི་འགྲན་སྡུར་འདིའི་ཁྲོད་ཆོས་དབྱིངས་སྐྱིད་ཀྱིས་ཁོ་མོ་ནི་མཚོ་སྔོན་མི་དམངས་ཀྱི་སྤོབས་པ་ཡིན་པ་མ་ཟད། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་མེད་དུ་མི་རུང་བའི་སྣེ་ཁྲིད་མི་སྣ་ཡིན་པའང་སླར་ཡང་ར་སྤྲོད་བྱེད་རྒྱུ་རེད། 

གཟི་བརྗིད་དང་ཕུགས་འདུན་འཚོལ་སྙེག་གི་བཞུད་ལམ་རིང་མོ་འདི་ད་ནི་མགོ་རྩོམ་ལ་ཉེ་སྟེ། ང་ཚོས་མཉམ་དུ་ཆོས་དབྱིངས་སྐྱིད་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྟེང་སླར་ཡང་གྲུབ་འབྲས་གསར་བ་ལེན་པར་རེ་སྨོན་ཞུ་ལ། ལྗིད་ཏིག་ཏིག་གི་གསེར་གྱི་རྟགས་མ་ཡིས་མོའི་ཨོ་རྩལ་གྱི་བཞུད་ལམ་རིང་མོ་ལ་རྫོགས་ཚིག་དགོད་ཐུབ་པ་དང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གཟི་བརྗིད་ལྡན་པའི་ལེའུ་གསར་པ་སྣོན་ཐུབ་པའི་རེ་སྨོན་ཞུ། 

ཆོས་དབྱིངས་སྐྱིད། གངས་ལྗོངས་ནས་སླེབས་པའི་དཔའ་རྟུལ་འདིས་དཔའ་ངར་ཞུམ་མེད་ཀྱི་སྤོབས་པ་དང་རྟག་བརྟན་འགྱུར་མེད་ཀྱི་ཡིད་ཆེས་བསྣམས་ཏེ་མོའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཉིས་པའི་ཕྱོགས་སུ་མཐའ་མའི་གདོང་མཆོང་བྱེད་བཞིན་ཡོད།   ཚེས7ཉིན་གྱི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་དེ་ཁོ་མོའི་འབད་བརྩོན་ལ་བརྟེན་ནས་དེ་བས་ངོ་མཚར་ཆེ་བར་འགྱུར་ངེས།