གསར་འགྱུར་གལ་ཆེན།

➤ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་ཚེས29ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།
➤ཚེས29ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75འགོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་བྱེད་སྒོར་ཕེབས་ནས་ལྟད་མོར་གཟིགས།
➤བཟོ་བཅོས་བརྒྱབ་རྗེས་ཀྱི《སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག》ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
➤རྒྱལ་སྟོན་གཟའ་འཁོར་རིང་གི་ལྕགས་ལམ་འགྲུལ་སྐྱེལ་དེ་ཟླ9པའི་ཚེས29ཉིན་ནས་མགོ་བརྩམས་ཏེ། ཟླ10པའི་ཚེས8ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་དུས་ཡུན་ཉིན10ཡིན་ཞིང་། སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར1.75སྐྱེལ་འདྲེན་བྱ་རྩིས་ཡོད་པ་རེད།
➤ཚེས29ཉིན། ཀྲུང་དབྱང་དངུལ་ཁང་གིས་ཁྲོམ་རའི་སྐྱེད་ཕྱོད་གཏན་འཁེལ་གྱི་རང་གཅུན་ལམ་སྲོལ་ལ་མཛུབ་ཁྲིད་བྱས་ནས་ཚོང་ལས་དངུལ་ཁང་ཁག་གིས་ཟླ10པའི་ཚེས31ཉིན་སྔོན་དུ་གསོག་འཇོག་ཁང་བའི་དངུལ་བུན་གྱི་སྐྱེད་ཕྱོད་ལ་གཅིག་གྱུར་ཐོག་ལེགས་སྒྲིག་བྱེད་དགོས་པའི་གྲོས་མགོ་ཁྱབ་བསྒྲགས་བྱས་པ་རེད།
➤གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལོ་འཁོར་གྱི་འགན་བཅོལ་ནང་ཞུགས་ཚད95%ཙམ་ཟིན་པ་དང་། འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར13.3ལས་བརྒལ་ཡོད་པ་རེད།
➤ཉེ་ཆར་འབར་མ་བྱང་མའི་གློག་འཕྲིན་མགོ་སྐོར་གྱི་ཉེས་གསོག་ཚོགས་པའི་མགོ་པ་དང་རྐང་འཛིན་པ་མི20ཕྱིར་རང་རྒྱལ་དུ་བཟུང་སྐྱེལ་བྱས་པ་རེད།
➤དེ་རིང་ནས་ཟླ10པའི་ཚེས2བར། གྲང་ངར་ཆེ་བའི་མཁའ་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད4~8℃མར་ཆག་རྒྱུ་ཡིན་པ་དང་། བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མར་ཆག་ཚད10~12℃ལ་ཐོན་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད14℃ཡན་མར་ཆག་རྒྱུ་རེད།
➤བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་རྒྱལ་སྟོན་རིང་དམག་གྲུ་སྒོ་དབྱེའི་བྱེད་སྒོ་ཆིང་ཏའོ་རུ་གྲ་སྒྲིག་བྱས་ཟིན་པ་དང་སྔོན་དཔག་བྱས་ན་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི12ལས་བརྒལ་རྒྱུ་ཡིན་པ་རེད།

➤ཚེས29ཉིན། འགག་གསུམ་གྱི་རིམ་འཕར་གྲུ་གཟིངས་གི2024ལོའི་འཆར་གཞི་རང་བཞིན་གྱི་གྲུ་གཟིངས་གཏོང་མཚམས་འཇོག་པའི་ཞིབ་བཤེར་ཉམས་བཟོ་ལེགས་འགྲུབ་ཟིན་ནས་ཡང་བསྐྱར་གྲུ་གཟིངས་ཤར་གཏོང་ཐུབ་ཡོད།



➤ཧྲན་ཏུང་ཅི་ནན་གྱི་ལ16ལ་སླེབས་པའི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཝང་ཅིན་ཧའོ་ཆུ་འགྲམ་ན་འགྲོ་སྐབས་མི་ཞིག་ཆུར་ལྷུང་བ་ཤེས་འཕྲལ་ཁོང་མགྱོགས་མྱུར་ངང་ཆུའི་ནང་མཆོང་ནས་སྐར་ཆ20ནང་མི་དེ་སྐྱོབ་ཐུབ་སོང་།
སྲིད་ཇུས།
➤ཧོ་ནན་གྱིས་ལས་སྟེགས་ཁེ་ལས་ཀྱིས་ནང་འདྲེན་བྱས་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་ཆ་རྐྱེན་དང་མཐུན་རིགས་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣའི་ཞབས་ཞུའི་མ་ལག་ནང་བཅུག་ནས་འགན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
➤ཐེན་ཅིན་གྱིས་མི་སྒེར་འཛད་སྤྱོད་པས་ཁྱིམ་ཆས་གསར་རྐྱང་གི་ཁ་གསབ་ཁྱབ་ཁོངས་ནང་གི་ཚོང་ཟོག་ཉོས་ཚེ་ཐོན་རྫས་ཀྱི་མཐའ་མའི་ཕྱིར་ཚོང་རིན་གོང་གི15%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་རེའི་དངུལ་གྲངས་མཐོ་ཤོས་སྒོར2000ལས་མི་བརྒལ་བ་གཏན་འབེབས་བྱས་ཡོད་པ་རེད།
➤ཡུན་ནན་གྱིས་མི་བཀོལ་ལས་ཁུངས་ཀྱིས་མི་བསྡུ་བའི(གདན་ཞུ)བརྒྱུད་རིམ་ནང་མི་སྒེར་གྱི་གཞི་རྩའི་ཆ་འཕྲིན་ཕུད། བུད་མེད་ལས་ཀ་འཚོལ་མཁན་གྱི་གཉེན་སྒྲིག་དང་བུ་བཙའི་གནས་ཚུལ་འདྲི་བའམ་ཡང་ན་བརྟག་དཔྱད་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད་པ་རེད།
དེ་རིང་གི་གནམ་གཤིས།

➤ལེའོ་ཉིང་གི་ལྷོ་རྒྱུད་དང་། ཧོ་པེའི་དབུས་ལྷོ་རྒྱུད། ཐེན་ཅིན་གྱི་ལྷོ་ནུབ། ཧྲན་ཞིའི་ཤར་ལྷོའི་རྒྱུད། ཧོ་ནན་གྱི་བྱང་རྒྱུད་དང་ལྷོ་ནུབ། ཧྲའན་ཞིའི་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཁྲུང་ཆིང་། སི་ཁྲོན་གྱི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་སི་ཁྲོན་གྱི་བྱང་ཤར་རྒྱུད་དང་། ཁྲུང་ཆིང་གི་དབུས་རྒྱུད། ཐེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།