ཚྭ་འདམ་གཞོངས་ལས་དོན་ཨུ་ལྷན་སྤྱི་བདེ་ཅུའུ་ཡིས་ཉེན་གྱར་གསའ་ཞིག་བསྐྱབས་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ10བའི་ཚེས20ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་གཞོངས་སྲིད་འཛིན་ཨུ་ལྷན་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་བ་དང་། ཁོངས་གཏོགས་ཁུལ་གྱི་བཟོ་གཏེར་ཁེ་ལས་ཀྱི་ཁྱི་ར་རུ་གསའ་དང་འདྲ་བའི་སྲོག་ཆགས་ཤིག་ཐོན་ནས་ཁོ་ཚོའི་མིར་གནོད་སྐྱེལ་པར་སེམས་ཁྲལ་བྱས་ནས་རོགས་སྐྱོབ་བྱ་རྒྱུའི་རེ་ཞུ་བྱས། ཉེན་བརྡ་འབྱོར་རྗེས་ཉེན་རྟོག་པས་འཕྲལ་དུ་ཚྭ་འདམ་གཞོངས་ཨུ་ལྷན་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་ལས་བྱེད་མི་སྣ་དང་མཉམ་དུ་ཡུལ་དངོས་སུ་སོང་།
ཡུལ་དངོས་སུ་ཐོན་རྗེས་ཉེན་རྟོག་པ་དང་ནགས་རྩྭ་ཅུའུ་ཡི་ལས་བྱེད་མི་སྣས་རྒྱང་རིང་ནས་ལྟ་ཞིབ་བྱས་པ་བརྒྱུད་སྲོག་ཆགས་དེ་གསའ་ཡིན་པ་གཏན་འཁེལ་བྱས། ཁྱི་རའི་བདེ་སྲུང་ལ་ཞིབ་དཔྱད་བྱས་རྗེས་དེའི་ཉེ་འགྲམ་དུ་བསྐྱོད་པ་དང་། གསའ་དེར་རྨས་སྐྱོན་མངོན་གསལ་ཕོག་མེད་པ་དང་དུས་ཡུན་རིང་པོ་ཟས་མེད་པས་ལུས་སྟོབས་ཞན་པ་ཤེས། མི་ཚང་མས་མཉམ་ཤུགས་འོག་ཚང་མས་ལྕགས་བཞུ་འཁྱེར་ནས་གསའ་དེ་ཚྭ་འདམ་གཞོངས་སྲིད་འཛིན་ཨུ་ལྷན་སྤྱི་བདེ་ཅུའུ་ཡི་གནས་སྐབས་བྱ་ཡུལ་དུ་ཁྱེར་ནས་གསའ་དེར་ལྟོ་བྱིན་པ་དང་དུས་མཚུངས་སུ། ཚྭ་འདམ་གཞོངས་ལས་དོན་ཨུ་ལྷན་སྤྱི་བདེ་ཅུའུ་ཡིས་དུས་ཐོག་ཏུ་མཚོ་སྔོན་རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་རྒྱུད་སྤེལ་ལྟེ་གནས་དང་འབྲེལ་གཏུག་བྱས་པ་དང་། ལས་ཁུངས་དེ་གའི་མཛུབ་ཁྲིད་འོག་གསའ་ལ་ལྟ་ཞིབ་དང་ལྟ་སྐྱོང་ཞིབ་ཚགས་བྱས།
ཟླ10བའི་ཚེས21ཉིན་མཚོ་སྔོན་རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་རྒྱུད་སྤེལ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཚྭ་འདམ་གཞོངས་དུ་འབྱོར་ནས་གསའ་ཡི་གཟུགས་པོར་བརྟག་དཔྱད་བྱས་ཤིང་། མིག་སྔར་གསའ་དེ་མཚོ་སྔོན་རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་རྒྱུད་སྤེལ་ལྟེ་གནས་སུ་སྐྱེལ་བ་དང་། བདེ་ཐང་གནས་ཚུལ་ལ་སྔར་བས་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད། །