ལོ་རྒྱུས་སྟེང་རྒྱལ་རབས་རིམ་བྱོན་གྱིས་རྨ་ཆུར་མཆོད་འབུལ་བྱེད་སའི་རྨ་ཀླུང་ཡ་ཙི་སྒར་བ།(རི་བོ་དན་ཏིག་འདབས་ཀྱི་རྨ་ཀླུང་སྔོན་མོའི་འགྲམ་དུ་ཆགས་ཡོད།)
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
བོད་སྐད་ཀྱི་མདོ་འཛིན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་གིས་སྒྲོག་འདོན་གནང་བ།
ཡ་ལགས། དེ་རིང་གི་ཉི་མ་བཟང་པོ། སྐར་མ་བཟང་པོ། བཀྲ་ཤིས་པའི་ཉི་མ། བདེ་ལེགས་འབྱུང་བའི་ཉི་མ། ཕུན་སུམ་ཚོགས་པའི་ཉི་མ། ནམ་ལངས་ཀྱི་དང་པོ། ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་མགོ་མ། གནམ་ལོ་གསར་བའི་ལོ་སར་ལ། །གཙོ་འཛིན་ཞི་ཅིན་ཕིང་ལགས་ཀྱི། །དུས་རབས་གསར་བའི་ཉི་འོད་འཕྲོས། །སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་། །ལོ་གསར་དགའ་སྟོན་རྟེན་འབྲེལ་ཞུས། །མགྲོན་པོ་མང་པོ་སྟོན་མོར་ཕེབས། །རྒན་རབས་མང་པོས་ཁ་གཡང་བོས། །སྟག་ཤར་གཞོན་ནུས་གོས་ཚར་གོན། །སྨན་ཆུང་བུ་མོས་རྒྱན་ཆ་བཏགས། །ཟས་སྣ་མང་པོས་རི་རབ་བརྩིགས། །བཏུང་བ་ཞིམ་མངར་འོ་ཇ་བསྐོལ། །སྐྱིད་པའི་ཇ་ཆང་མཚོ་མོ་བསྐྱིལ། །དེ་རིང་ལོ་གསར་དགའ་སྟོན་ལ། །རྒྱལ་ཁམས་བརྟན་ཅིང་རྒྱས་པ་དང་།མེས་རྒྱལ་སྟོབས་འབྱོར་མངའ་ཐང་དར།།མི་དམངས་བདེ་ཞིང་སྐྱིད་པ་དང་། །རྒན་གཞོན་ཕོ་མོ་ཐམས་ཅད་ལ། །ཚེ་དང་བསོད་ནམས་འཕེལ་བ་དང་། །ཁ་རྗེ་དབང་ཐང་དར་བ་འདི། །རྟགས་དང་རྟེན་འབྲེལ་འགྲིག་པའི་ཐོག་མ་རེད་ཟེར་རྒྱུ། །
ཡ་ལགས། གནའ་མི་བོད་ཀྱི་ཁ་དཔེ་ལ། །གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད། །ཟས་མཆོད་ཁ་མེད་ན་ཟ་སྲོལ་མེད། །ཆོས་སྐྱབས་འགྲོ་མེད་ན་འདོན་སྲོལ་མེད་པ་ལྟར། །བོད་ཁ་བ་ཅན་གྱི་ལུགས་སྲོལ་ལྟར་དུ། །ཤིང་མོ་སྦྲུལ་གྱི་ལོ་གསར་དགའ་སྟོན་ལ། །ཐོག་མར་མཆོད་པ་རྣམ་གསུམ་རེ་འབུལ་ན། །
མཆོད། ཨོཾ་ཨཱཿཧཱུཾ། སྟོན་པ་ཐུབ་པའི་དབང་བོ་མཆོད། །སྐྱབས་གནས་དཀོན་མཆོག་གསུམ་པོ་མཆོད། །ཆོས་རྒྱལ་མེས་དབོན་རྣམ་གསུམ་མཆོད། །རྙིང་མའི་མཁན་སློབ་ཆོས་གསུམ་མཆོད། །བཀའ་གདམས་ཇོ་འབྲོམ་ཡབ་སྲས་མཆོད། །བཀའ་བརྒྱུད་མར་མི་དྭགས་གསུམ་མཆོད། །ས་སྐྱའི་གོང་མ་རྣམ་ལྔ་མཆོད། །དགེ་ལྡན་ཙོང་ཁ་ཡབ་སྲས་མཆོད། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཆོད། །གངས་དཀར་ཏི་སེ་ལྷ་ཚོགས་མཆོད། །སྲིད་པ་ཆགས་པའི་ལྷ་དགུ་མཆོད། །བོད་སྐྱོང་བརྟན་མ་བཅུ་གཉིས་མཆོད། །མངའ་རིས་བསྐོར་གསུམ་ཡུལ་ལྷ་མཆོད། །དབུས་གཙང་རུ་བཞི་ཡུལ་ལྷ་མཆོད། །མདོ་ཁམས་སྒང་དྲུག་ཡུལ་ལྷ་མཆོད། །རི་བོ་རྩེ་ལྔའི་ལྷ་ཚོགས་མཆོད། །ཤར་གྱི་རྨ་རྒྱལ་སྦོམ་ར་མཆོད། །ཙོང་ཁའི་སྐྱེས་རིའི་ལྷ་ཚོགས་མཆོད། །རྨ་ཀླུང་ཡ་ཙི་ཡུལ་གྱི་ལྷ་རྣམས་མཆོད་ཟེར་རྒྱུ། །

རྨ་ཀླུང་ཡ་ཙི་རྫོང་གི་མྱ་ངན་མེད་ཀྱི་མཆོད་རྟེན་ནམ་རྡོ་སྦིས་མཆོད་རྟེན་རང་བྱོན།

ཡ་ལགས། དེ་རིང་ལོ་གསར་འཚོགས་སའི་བིས་མདོ་ཡུལ་གྱི་ཆགས་རིམ་རེ་བརྗོད་ན། རྨ་ཀླུང་དན་ཏིག་ཡ་ཙིའི་ཡུལ་ཕྱོགས་ཀྱི། །དབུས་ན་བིས་མདོ་བཀྲ་ཤིས་གཡང་ལྗོངས་ཆགས། །ཙག་ངྷིས་གཡང་ལེ་བོན་རིའི་རི་བོ་གསུམ། །མང་ཡུལ་ཞུང་ཡུལ་དཀྱིལ་འཁོར་ལུང་པ་གསུམ། །ཆུ་བོ་གསུམ་དང་པུས་ལ་རིང་མོའི་མདོ། །མདོ་གསུམ་འཛོམས་པའི་ལྟེ་བ་བིས་མདོ་རུ། །ས་ལ་པདྨ་འདབས་བརྒྱད་བཞད་པ་དང་། །གནམ་ལ་འཁོར་ལོ་རྩིབས་བརྒྱད་རྣམ་པར་བཀྲ །ས་ལ་བཀྲ་ཤིས་དགེ་བཅུ་ཚང་བའི་གནས། །བརྒྱ་བྱིན་ཕོ་བྲང་ས་ལ་འཕོས་འདྲ་བའི། །མདོ་སྨད་ཆོལ་ཁའི་རྒྱལ་སྲིད་ཕོ་བྲང་དང་། །སྣང་བ་མཐའ་ཡས་འཁྲུངས་གཞིས་དཔོན་ཚང་ཡོད། །འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་དང་། །ཆོས་སྡེ་ཆེན་པོ་བིས་མདོ་དགོན་ཆེན་བཞུགས། །རིག་པའི་འབྱུང་གནས་བོད་ཡིག་སློབ་འབྲིང་དང་། །པཎ་ཆེན་ཚད་མའི་སློབ་གླིང་ལ་སོགས་པས། །སྲིད་འབྱོར་རིག་གསུམ་དར་ཞིང་རྒྱས་པ་འདི། །བིས་མདོ་བཀྲ་ཤིས་གཡང་ལྗོངས་ཀྱི་ཆགས་རིམ་འདི་འདྲ་རེད་ཟེར་རྒྱུ། །
མདོ་སྨད་ཆོལ་ཁའི་རྒྱལ་སྲིད་ཕོ་བྲང་གི་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་ངོ་སྤྲོད།

ཡ་ལགས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་གཞིས་དཔོན་ཚང་གི་བྱུང་རིམ་རེ་བརྗོད་ན། འོད་གསལ་ལྷ་ཡི་གདུང་རྒྱུད་ལས། །འཁོན་རིགས་གོང་མ་རྣམ་ལྔ་བྱུང་། །གངས་ཅན་རིག་བཅུ་སྲོལ་འབྱེད་པ། །ས་སྐྱ་པཎ་ཆེན་སྐུ་ཚ་དང་། །ཆོས་རྒྱལ་འཕགས་པའི་སྐུ་མཆེད་དེ། །དཔོན་ཆེན་ཡེ་ཤེས་འབྱུང་གནས་ལ། །པེ་ཅིན་གོང་མའི་ཕོ་བྲང་ནས། །རྒྱལ་པོ་ཡོན་མཆོད་བཀའ་བགྲོས་ཏེ། །མདོ་སྨད་ཆོལ་ཁའི་དཔོན་ཆེན་དུ། །ཆོ་ལོ་བསྩལ་ནས་མངའ་གསོལ་མཛད། །མདོ་སྨད་ཆོལ་ཁའི་ཕོ་བྲང་བརྩིགས། །འཛམ་གླིང་བཀྲ་ཤིས་སྒོ་མང་བཞེངས། །སྲས་སུ་དཔོན་ཆེན་ཨ་བརྟན་འཁྲུངས། །གནམ་ན་སྐར་མ་ཨ་བརྟན་དང་། །ས་ན་དཔོན་ཆེན་ཨ་བརྟན་ཞེས། །གནམ་ན་སྐར་མ་སྨེ་བདུན་དང་། །ས་ན་ཨ་བརྟན་བུ་བདུན་གྲགས། །རྨ་བྱ་སྔོན་མོའི་སྒྲོ་ཡི་བདག་པོ་དང་། །བྱུ་རུ་དམར་པོའི་ཏོག་གི་བདག་པོ་ཞེས། །མཐེལ་དང་ཐམ་གའི་དབང་གི་བདག་པོ་རེད། །གོམ་གསུམ་སྤོས་ན་ས་ཡི་བདག་པོ་ཞེས། །ཚིག་གསུམ་བཤད་ན་བཀའ་ཡི་བདག་པོ་རེད། །སྒར་རབས་ཉེར་དྲུག་བར་དུ་ཕེབས་པ་དང་། །དཔོན་རབས་ཉེར་གཉིས་རིམ་པར་བྱོན་པ་འདི། །ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་གཞིས་བིས་མདོ་དཔོན་ཚང་གི་བྱུང་རིམ་འདི་འདྲ་རེད་ཟེར་རྒྱུ། །
ཡ་ལགས། ཡུལ་ཕྱོགས་འདིའི་ཕྱི་བཀོད་པའི་བྱུང་རིམ་རེ་བརྗོད་ན། གནམ་ན་སྐར་མ་སྨེ་བདུན་ཤར། །ས་ན་བིས་མདོ་སླེ་བདུན་གྲགས། །གནམ་ན་སྐར་མ་སྨིན་དྲུག་དང་། །ས་ན་བིས་མདོ་བོན་རུས་དྲུག །མདོ་བ་མང་ཡུལ་ལྷ་ཁག་བཞི། །ཞུང་ཡུལ་བོན་རིའི་གོང་འགབ་སོགས། །རི་ལ་ཤིང་སྣ་འཛོམས་པའི་ས། །སྤང་ལ་མེ་ཏོག་ལྡེམ་པའི་ས། །ཞིང་ལ་ལོ་ལེགས་རྒྱས་པའི་ས། །ཕྱུགས་ལ་འཕེལ་ཁ་དར་བའི་ས། །མི་ལ་ཤེས་རིག་འཛོམས་པའི་ས། །ཆོས་སྲིད་མངའ་ཐང་དར་བའི་ས། །སྟོང་དཔོན་བརྒྱ་དཔོན་བྱོན་པའི་ས། །སྔགས་འཆང་མཐུ་རྩལ་རྫོགས་པའི་ས། །མཁས་པ་བློ་རིག་རྒྱས་པའི་ས། །སྤྱི་ཚོགས་ཤེས་རིག་དར་བའི་ས། །ཤེས་ལྡན་སློབ་མ་འབྱུང་བའི་ས་ཡིན་ཟེར་རྒྱུ། །
ཡ་ལགས། ཡུལ་ཕྱོགས་འདིའི་སྐྱེས་སོ་དར་སོ་རེ་རགས་ཙམ་བརྗོད་ན། སྲིད་པ་གནའ་ནས་ད་རག་བར་དུའང་། །མདོ་སྔགས་གཉིས་ལ་མཁས་པའི་བླ་མ་སྐྱེས། །བློ་རིག་ཁ་ལྕེ་བདེ་བའི་མཁས་པ་སྐྱེས། །བྱམས་པ་སྙིང་རྗེ་ཅན་གྱི་སྐྱེས་མ་སྐྱེས། །ཕྱི་རོལ་དགྲ་བོ་འགོག་པའི་དཔའ་བོ་སྐྱེས། །ནང་གི་བཟའ་མི་སྐྱོང་བའི་མནའ་མ་སྐྱེས། །སྟག་ཁེར་ཉལ་རི་གསུམ་གྱི་རྩེ་གནོན་སྐྱེས། །འབྲོང་ཁེར་ཉལ་ལུང་གསུམ་གྱི་མདོ་ཆོད་སྐྱེས། །ཕ་ལུས་དཀར་བོ་སྲིད་པ་ཁྱུང་གི་རྒྱུད། །ཁྱུང་རིགས་བྱུང་ས་གངས་དཀར་ཏི་སེ་ཡིན། །མ་ལུས་སྨུག་པོ་མཁའ་འགྲོ་ལྷ་ཡི་རྒྱུད། །གནམ་ལྷ་རྗེ་བཙུན་སྒྲོལ་མའི་རང་གཟུགས་ཤར། །ཏི་སེའི་རི་རྒྱུད་དེད་ནས་ལ་ཙེ་གཏད། །ཁ་འབབ་ཆུ་རྒྱུད་དེད་ནས་ཚོ་བ་ཆགས། །རུས་རྒྱུད་མི་རྒྱུད་དེད་ནས་ཉེ་བོ་བཟུང་། །གཉེན་མཐོ་ས་ཁྱུང་གི་རྒྱུད་ལ་བཟུང་། །ཆུ་དྭངས་མོ་མ་ཕམ་གཡུ་མཚོ་བཅུས། །ས་སྣ་འདུལ་བའི་སྔགས་འཆང་ཕུར་འཛིན་སྐྱེས། །དུག་སྣ་གཅོད་པའི་དཔའ་བོ་མདུང་འཛིན་སོགས་སྐྱེས་ཡོད་ཟེར་རྒྱུ། །
ཡ་ལགས། དེ་རིང་བཀྲ་ཤིས་ལོ་གསར་དགའ་སྟོན་ལ། །དབུས་གཙང་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་དང་། །མདོ་སྟོད་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་ཡོད། །མདོ་སྨད་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་དང་། །རྒྱ་ནང་ཡུལ་ནས་ཕེབས་པའི་སྐུ་མགྲོན་ཡོད། །ཧོར་གྱི་ཡུལ་ནས་ཕེབས་པའི་སྐུ་མགྲོན་དང་། །རྫོང་དང་ཡུལ་ཚོ་ཁག་ནས་ཕེབས་པའི་སྐུ་མགྲོན་ཡོད། །བྱ་བའི་ལས་རིགས་ཁག་ནས་ཕེབས་པའི་སྐུ་མགྲོན་དང་། །རིག་གནས་སློབ་གྲྭ་ཁག་ནས་ཕེབས་པའི་སྐུ་མགྲོན་ཡོད། །ཁྱེད་རྣམས་ཐག་རིང་ཡུལ་ནས་ཕེབས་པ་ལ། །དེ་རིང་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ཡིན་ཟེར་རྒྱུ། །
ཡ་ལགས། དེ་རིང་གནམ་ལོ་གསར་བའི་དགའ་སྟོན་ལ། །རྟེན་འབྲེལ་བཀྲ་ཤིས་སྨོན་འདུན་རེ་བརྗོད་ན། །འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག །རྒྱལ་ཁམས་བརྟན་ཅིང་རྒྱས་པའི་བཀྲ་ཤིས་ཤོག །མེས་རྒྱལ་མངའ་ཐང་དར་བའི་བཀྲ་ཤིས་ཤོག །མི་དམངས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །སྤྱི་ཚོགས་འཆམ་མཐུན་ཡོང་བའི་བཀྲ་ཤིས་ཤོག །རྒྱུ་འབྱོར་ལོངས་སྤྱོད་འཛོམས་པའི་བཀྲ་ཤིས་ཤོག །ཚེ་བསོད་དབང་ཐང་རྒྱས་པའི་བཀྲ་ཤིས་ཤོག །ཤེས་རིག་དཔལ་ཡོན་དར་བའི་བཀྲ་ཤིས་ཤོག །ཞིང་ཕྱུགས་ལོ་ལེགས་འབྱུང་བའི་བཀྲ་ཤིས་ཤོག །འབྱུང་བཞི་གནོད་འཚེ་ཞི་བའི་བཀྲ་ཤིས་ཤོག །ནད་མུག་འཁྲུག་རྩོད་མེད་པའི་བཀྲ་ཤིས་ཤོག །སེམས་ཅན་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག་ཟེར་རྒྱུ། །
ཇི་སྐད་དུ།
ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པས། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །
ཁྱེད་རྣམ་པས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོའི་འཁྲུངས་ཡུལ་མདོ་སྨད་རྨ་ཀླུང་ཡ་ཙིའི་ཡུལ་གྱི་སྟོན་བཤད་སྒྲོག་འདོན་ལ་གསན་པར་ཐུགས་རྗེ་ཆེ་ཞུ་བ་ལགས།
མཆན་འགྲེལ།
1.ཡ་ཙི་ཕྱོགས་འདིར་སྔར་མངའ་རིས་ཡ་ཙིའི་རྒྱལ་རབས་ཀྱི་མངའ་ཁོངས་ནས་མདོ་སྨད་ཀྱི་ཡུལ་འདིར་སོ་སྲུང་དུ་ཡོང་ནས་གཞིས་ཆགས་པས་ན་ཡ་ཙི་ཡུལ་ཞེས་བརྗོད་པ་རེད།
2.ཙོང་ཁ་རྒྱལ་པོའི་སྐབས་སུ་ཡུལ་འདི་ཙོང་ཁ་བདེ་ཁམས་བཅོ་བརྒྱད་མངའ་ཁོངས་ཀྱི་རྨ་ཀླུང་དན་ཏིག་གི་ཡུལ་རེད།
3.བོད་ཡུལ་ཆོལ་ཁ་གསུམ་དུ་ཕྱེ་བའི་མདོ་སྨད་ཆོལ་ཁ་གནས་འདིར་ཚུགས་ཤིང་། ད་ལྟའང་རྒྱལ་རབས་ཀྱི་མཁར་ཤུལ་ཆ་ཚང་བ་ཡོད།
4.པུས་མདོ་ཞེས་པ་རི་པུས་མོ་འདྲ་བའི་པུས་ལ་རིང་མོའི་མདོ་རུ་ཡོད་པས་ན་པུས་མདོ་ཞེས་བརྗོད།