མཚོ་སྔོན་གྱིས་བུ་སྐྱེ་རྒྱབ་སྐྱོར་སྲིད་ཇུས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བསྟན་བཀྲ་ཤིས།
བུ་སྐྱེ་གུང་གསེང་དང་གཉོར་སྐྱོང་གུང་གསེང་གི་དུས་ཡུན་ཇེ་རིང་དུ་བཏང་སྟེ་མང་ཚོགས་ཀྱིས་བྱིས་པ་སྐྱེ་བའི་དཀའ་ཁག་དང་བྱིས་པ་གསོ་སྐྱོང་གི་དཀའ་ཁག་སེལ། ཟླ2པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་པ་ལྟར་ན། མཚོ་སྔོན་གྱིས་བུ་སྐྱེ་སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་བྱིས་པ་བདག་སྐྱོང་གི་ཞབས་ཞུའི་ལས་དོན་ཧུར་ཐག་གིས་སྤེལ་ཞིང་། བུ་སྐྱེ་རྒྱབ་སྐྱོར་སྲིད་ཇུས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས་བུ་སྐྱེ་སྲིད་ཇུས་བཟང་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་པར་སྐུལ་འདེད་བཏང་།
མཚོ་སྔོན་གྱིས་བུ་སྐྱེ་སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་མི་གྲངས་ཀྱི་ཡུན་རིང་ཆ་སྙོམས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཤིང་། དམིགས་འབེན་ལས་འགན་ལམ་ལུགས་ཀྱི་དོ་དམ་དང་ཞིབ་ཚགས་ལ་ཤུགས་བསྣན་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གསལ་ཐོར་བཀོད་པ། བྱ་བའི་འགན་འཁྲི་ཇེ་ནན་ཏུ་བཏང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྟུད་མར་ལོ5རིང་བྱིས་པ་བདག་སྐྱོང་གི་ཞབས་ཞུ་དམངས་འཚོའི་དོན་དངོས་བཟོ་སྐྲུན་ནང་བཅུག མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་རིམ་རྩིས་ཀྱིས་ཐོ་འགོད་སྙན་སེང་གི་བྱིས་པ་བདག་སྐྱོང་གི་སྡེ་ཁག342དང་བྱིས་པ22429ཟིན་པ་དང་། མི་སྟོང་རེའི་བྱིས་པ་ལོ3མན་གྱི་བདག་སྐྱོང་བྱེད་ས4.14ཡོད་པས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ཀྱི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་། གཞུང་ཕྱོགས་ཀྱིས་བྱིས་པ་བདག་སྐྱོང་གི་ཞབས་ཞུའི་ནུས་པ་སྐྱོང་བའི་རྣམ་གྲངས31ལག་བསྟར་བྱས་ཤིང་མ་དངུལ་སྒོར་དུང་ཕྱུར3.46བཏང་། མིག་སྔར། མ་དངུལ་ས་གནས་སོ་སོར་བྱིན་པ་དང་། སྔོན་དཔག་བྱས་པ་ལྟར་ན། 2025ལོའི་ལོ་མཇུག་ཏུ་ལས་དོན་འདི་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་རྒྱུ་རེད།
མི་གྲངས་ཡོངས་ཀྱི་གཞི་གྲངས་མཛོད་ཕུག་ལས་དོན་ཧུར་ཐག་གིས་འཐུས་ཚང་དུ་བཏང་ཞིང་། མི་གྲངས་ཡོངས་ཀྱི་ཆ་འཕྲིན་མ་ལག་བཅོས་སྒྱུར་དང་རིམ་འཕར་བྱས། མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཡོངས་ཀྱི་ཆ་འཕྲིན་མ་ལག་གསར་པ་དངོས་སུ་འཁོར་སྐྱོད་བྱས་པས། ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་གཞི་གྲངས་སྤུས་ཚད་ངེས་པ་དོན་གྱིས་མཐོར་འདེགས་སུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་མི་གྲངས་ལྟ་ཞིང་ཚད་ལེན་མ་ལག་གི་གསོ་སྦྱོང་སྤེལ།
དུས་མཚུངས་སུ། ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་མེ་གསོད་མེ་འགོག་རོགས་སྐྱོར་སྤྱི་ཁྱབ་རུ་ཁག ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་མང་པོ་དང་མཉམ་འགུལ་བྱས་ཏེ། དུས་ཚོད་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་བྱིས་པ་བདག་སྐྱོང་གི་སྡེ་ཁག་ལ་བདེ་འཇགས་ཐད་ཀྱི་མངོན་མེད་ཉེན་ཁའི་གྲལ་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ། བྱིས་པའི་བདེ་འཇགས་ལ་འགན་སྲུང་བྱས་ཤིང་བྱིས་པ་བདག་སྐྱོང་གི་ཞབས་ཞུའི་ལས་དོན་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བཏང་།