སྲིན་མིད་གཟུགས། ཕྲ་སྲིན་གྱི་གཉེན་པོ།
发布时间:2025年03月17日 消息来源:

     རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

1917ལོར། ཁ་ན་ཏའི་ཕྲ་སྲིན་རིག་པ་བ་ཏི་ཨེ་ལའེ་ཨར་གྱིས་བཤལ་ནད་དབྱུག་སྲིན་གྱི་གཤེར་གཟུགས་གསོ་སྤེལ་བྱེད་སྐབས།གསོ་སྤེལ་གཤེར་གཟུགས་སྙོག་པར་གྱུར་པ་དང་།ཕྱིས་སུ་གསོ་སྤེལ་གཤེར་གཟུགས་སྙོག་པ་དེ་ཡང་ཡང་བསྐྱར་དྭངས་མོར་གྱུར་པ་མཐོང་། དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཏི་ཨེ་ལའེ་ཨར་གྱིས་བལྟས་ན་དེ་ནི་ཕྲ་སྲིན་ལས་ཀྱང་ཕྲ་ཞིང་ཆུང་བའི་སེམས་ཅན་རིགས་ཤིག་གིས་མིད་སོང་བ་རེད་སྙམ། གློག་རྡུལ་ཕྲ་མཐོང་ཤེལ་གྱི་འོག་ནས་མ་གཏོགས་མི་རིག་པའི་སེམས་ཅན་རིགས་དེ་ལ“སྲིན་མིད་གཟུགས”ཟེར་ཞིང་། དེ་ཕྲ་སྲིན་གྱི་ཁོག་ཏུ་འཛུལ་ནས་སྐྱེ་འཕེལ་བྱེད་ཐུབ་ཅིང་། དེར་ད་རུང་མིང་གཞན་པ་ཞིག་ཡོད་པ་སྟེ་ཕྲ་སྲིན་ནད་དུག་ཟེར་རོ། །

图片
གློག་རྡུལ་ཕྲ་མཐོང་མེ་ལོང་གི་འོག་ནས་བལྟས་ན། སྲིན་མིད་གཟུགས་ལ་སྤྱིར་ན་གཞི་རྩའི་རྣམ་པ་རིགས་གསུམ་ཡོད་དེ། སྦལ་ལྕོང་གི་དབྱིབས་ཅན་དང་ལྒང་ཕྲན་གྱི་དབྱིབས་ཅན། དར་སྐུད་ཀྱི་དབྱིབས་ཅན་བཅས་ཡིན། པར་འདི་ནི་སྲིན་མིད་གཟུགསM13པ་ཡིན།
སྐྱེ་ཕྲན་དེ་སའི་གོ་ལའི་སྟེང་དུ་བགྲང་བྱ་དུང་ཕྱུར30ལྷག་གི་རིང་ལ་གནས་ཤིང་། འགྲོ་བ་མི་བགྲང་བྱ་ས་ཡ་འགའི་ཡར་སྔོན་དུ་བྱུང་བ་ནས་བཟུང་། དུས་ད་ལྟའི་བར་དུ་སྐྱེ་ཕྲན་བར་སྡོམ་གྱི་རྒྱ་ལྟ་བུའི་འབྲེལ་བ་གང་མང་ཞིག་ཆགས་ཡོད་ནའང་། འགྲོ་བ་མི་རང་ཉིད་ཀྱིས་རང་ཉིད་དུས་ནམ་ཡང་སྐྱེ་ཕྲན་དང་མཉམ་གསོན་མཉམ་འཆི་བྱེད་ཀྱིན་ཡོད་པ་དེ་ཤེས་མེད་ཚོར་མེད་དུ་འདུག དེ་ཡང1673ལོར་སླེབས་ཚེ། ཧོ་ལན་གྱི་ཡིན་པའི་མིང་ལ་ལེ་ཝིན་ཧུའུ་ཁི་ཟེར་བའི་མི་བུ་དེས་ཁོང་རང་ཉིད་ཀྱིས་བཟོས་ཤིང་ལྡབ་ཉིས་བརྒྱ་ནས་སུམ་བརྒྱ་ཇེ་ཆེར་གཏོང་ཐུབ་པའི་ཕྲ་མཐོང་མེ་ལོང་སྤྱད་དེ། ཁོང་གིས“སེམས་ཅན་ཆུང་ཆུང”ཟེར་གྱིན་ཡོད་པའི་སྐྱེ་ཕྲན་གྱི་འཇིག་རྟེན་དེ་ཐོག་དང་པོར་མཐོང་ཞིང་དེར་ལྟ་དཔྱད་ཀྱི་སྦྱོར་བ་བརྩམས། ཁོང་རང་ཉིད་ཀྱང་དེའི་རྐྱེན་གྱིས་སྐྱེ་ཕྲན་རིག་པའི་སྲོལ་གཏོད་མེས་པོར་གྱུར་ཏོ། །
ཡིན་ནའང་། ལེ་ཝིན་ཧུའུ་ཁིས་སྐྱེ་ཕྲན་མཐོང་ནས་ཧ་ལམ་མི་ལོ200ཙམ་འདས་པའི་རྗེས་སུ། སྐྱེ་ཕྲན་ལ་མི་རྣམས་ཀྱིས་ངོས་འཛིན་བྱེད་ཚད་སྔར་བཞིན་དེ་དག་གི་ཕྱིའི་རྣམ་པ་ཙམ་བརྗོད་པའི་ཚད་དུ་ལུས་ཡོད་པས། སེམས་ཅན་ཕྲ་རབ་དེ་དག་གི་ལུས་ཁམས་འགུལ་སྐྱོད་ཀྱིས་འགྲོ་བ་མིའི་བདེ་ཐང་དང་ཐོན་སྐྱེད་ཀྱི་ལག་ལེན་ལ་ཤུགས་རྐྱེན་གལ་ཆེན་གང་འདྲ་ཞིག་བསྐྱེད་པ་དེ་ཤེས་ཀྱི་མེད།
1915ལོར། དབྱིན་ཇིའི་ཕྲ་སྲིན་རིག་པ་བ་ཐི་ཝོ་ཐིས་རྒུན་འབྲུམ་ཟླུམ་སྲིན་གསོ་སྤེལ་བྱེད་སྐབས། མ་བསམ་ས་ནས་ཕྲ་སྲིན་ཚོམ་བུའི་སྟེང་དུ་ཁྲ་ཐིག་དྭངས་མ་བབས་ཡོད་པ་མཐོང་ཞིང་དེས་རྒུན་འབྲུམ་ཟླུམ་སྲིན་ཁག་དེ་ཡལ་ཟིན་པ་མཚོན་གྱི་ཡོད། འོ་ན་ཅི་ཞིག་གིས་རྒུན་འབྲུམ་ཟླུམ་སྲིན་ཡལ་བར་བྱས་པ་ཡིན་ནམ་ཞེ་ན།རྒུན་འབྲུམ་ཟླུམ་སྲིན་ལའང་གཉེན་པོ་ཞིག་ཡོད་ཅིང་། རྒུན་འབྲུམ་ཟླུམ་སྲིན་ཁོ་རང་གཉེན་པོ་དེས་མིད་སོང་བ་ཐག་གིས་བཅད་ཆོག་མོད། འོན་ཀྱང་གཉེན་པོ་དེ་ནི་ཅི་ཞིག་ཡིན་པ་ཐི་ཝོ་ཐིས་ཀྱང་རེ་ཞིག་ལ་གསལ་པོ་ཞིག་རྟོགས་མ་ཐུབ།
图片
འདི་ནི་གློག་རྡུལ་ཕྲ་མཐོང་མེ་ལོང་གི་འོག་ནས་མཐོང་བའི་མི་རྣམས་ཀྱིས་རྟག་པར་ཟ་བཞིན་ཡོད་ཀྱང་མཐོང་བ་ཤིན་ཏུ་ཉུང་བའི་འོ་སྐྱུར་ཟས་རིགས་ཁྲོད་ཀྱི་འོ་སྐྱུར་དབྱུག་སྲིན་གྱི་འདྲ་པར་ཡིན།
1917ལོར། ཧྥ་རན་སིའི་རྒྱལ་ས་གྲོང་ཁྱེར་ཕེ་རིས་ཀྱི་པ་སི་ཏི་ཞིབ་འཇུག་ཁང་དུ་ལས་ཀ་བྱེད་བཞིན་པའི་ཁ་ན་ཏའི་ཕྲ་སྲིན་རིག་པ་བ་ཏི་ཨེ་ལའེ་ཨར་གྱིས་ཀྱང་སྣང་ཚུལ་ཡ་མཚན་ཅན་དེ་རིགས་མཐོང་བ་འདི་ལྟ་སྟེ། ཁོང་གིས་བཤལ་ནད་དབྱུག་སྲིན་གྱི་གཤེར་གཟུགས་སྐྱེད་སྲིང་བྱེད་སྐབས། སྐྱེད་སྲིང་གཤེར་གཟུགས་སྙོག་པར་གྱུར་ཅིང་། དེས་བཤལ་ནད་དབྱུག་སྲིན་གྲངས་མེད་ཅིག་སྐྱེ་འཕེལ་བྱས་ཟིན་པ་གསལ་བཤད་བྱེད་ཐུབ། ཡིན་ནའང་ཁོང་གིས་སྐྱེད་སྲིང་གཤེར་གཟུགས་སྙོག་པ་དེ་དེ་མ་ཐག་ཏུ་ཡང་བསྐྱར་དྭངས་མོ་ཕྱི་ནང་གསལ་བ་ཞིག་ཡིན་པར་གྱུར་པ་མཐོང་བས། ཁོང་གིས་སྐྱེད་སྲིང་བྱས་ཟིན་པའི་བཤལ་ནད་ཀྱི་དབྱུག་སྲིན་དེ་དག་རིག་རྒྱུ་མེད་པར་གྱུར་པའི་སྣང་ཚུལ་བྱུང་།
བཤལ་ནད་དབྱུག་སྲིན་དེ་རྒྱུ་མཚན་ཅི་ཞིག་གིས་ཡལ་སོང་བ་ཡིན་ནམ་ཞེ་ན། ཏི་ཨེ་ལའེ་ཨར་གྱི་བཞེད་པ་ལྟར་ན་དེ་དག་ནི་ཕྲ་སྲིན་ལས་ཀྱང་ཕྲ་ཞིང་ཆུང་བའི་སེམས་ཅན་རིགས་གཞན་པ་ཞིག་གིས“མིད་པ” ཐག་ཆོད་ཡིན་སྙམ། ཁོང་གིས་ཕྲ་སྲིན་མིད་པའི་སེམས་ཅན་ཕྲན་ཆུང་དེ་ལ“སྲིན་མིད་གཟུགས”ཟེར་གྱིན་ཡོད།
སྲིན་མིད་གཟུགས་དེ་ནི་དོན་དམ་པས་ནད་དུག་གི་རིགས་ཤིག་ཡིན་ལ། དེ་ཕྲ་སྲིན་གྱི་ཁོག་ཏུ་འཛུལ་ནས་སྐྱེ་འཕེལ་བྱེད་ཅིང་། དེས་ཕྲ་སྲིན་གྱི་ཕྲ་ཕུང་གས་འགྱུར་ཕྲལ་འདོན་བྱེད་ཐུབ་པར་མ་ཟད། དེས་རྟེན་སའི་ཕྲ་སྲིན་གྱི་ཟུངས་ཟད་ནས་ཚེ་སྲོག་མཇུག་རྫོགས་པའི་བར་དུ་གཏོར་བཤིག་གཏོང་བ་མཚམས་མི་འཇོག་པ་རེད། དུག་སྲིན་འགོག་སྨན་དང་མི་འདྲ་ས་ནི་སྲིན་མིད་གཟུགས་ཀྱིས་ཕྲ་སྲིན་རིགས་ངེས་ཅན་ཞིག་མ་གཏོགས་མི་གསོད་པས། ཕན་ལྡན་གྱི་ཕྲ་སྲིན་གཞན་དག་ལ་གནོད་འཚེ་སྤུ་ཙམ་ཡང་མི་བསྐྱལ་བ་རེད། དཔེར་ན་ནད་པར་གཤག་བཅོས་བྱས་ཏེ་རྨ་ཁ་རྣག་ཏུ་འཇུག་པའི་ཕྲ་སྲིན་དེ་རིགས་སྲིན་མིད་གཟུགས་ཀྱིས་ཚར་གཅོད་བྱེད་ཐུབ་པ་རེད།
དེ་ནས་དུས་རབས20པའི་ལོ་རབས40པའི་བར་དུ། སྲིན་མིད་གཟུགས་དེ་ནད་རིགས་ཁྱད་དུ་གསོད་པའི་བྱེད་ཐབས་ཤིག་ཏུ་སྤྱད་ནས་རྒྱ་ཁྱབ་ཏུ་ཞིབ་འཇུག་བྱས་པ་ཡིན་མོད། འོན་ཀྱང་དུག་སྲིན་འགོག་སྨན་སྨན་བཅོས་ཀྱི་གར་སྟེགས་སུ་བུད་རྗེས། སྲིན་མིད་གཟུགས་ཀྱི་གསོ་ཐབས་ལ་ཁ་ཡ་མི་བྱེད་པའི་སྣང་ཚུལ་བྱུང་། ཉེ་བའི་ལོ་འགའི་རིང་ལ། སྲིན་མིད་གཟུགས་ཀྱི་བཅོས་ཐབས་དེ་ཡང་བསྐྱར་གླེང་བྱུང་། ཚན་རིག་པས་སྲིན་མིད་གཟུགས་ལ་བསྒྱུར་བཀོད་བྱས་པ་བརྒྱུད་དེ། དུག་སྲིན་འགོག་སྨན་གྱིས་རིམ་གྱིས་ཕྲ་སྲིན་གསོད་དཀའ་སྟེ་ཕྲ་སྲིན་གྱིས་འགོག་སྨན་ཐུབ་པའི་ནུས་པར་ཚོད་འཛིན་གྱི་བྱེད་ཐབས་བཙལ། གལ་སྲིད་སྲིན་མིད་གཟུགས་དང་དུག་སྲིན་འགོག་སྨན་གཉིས་ཀ་མཉམ་སྤྱོད་བྱས་ཚེ། དེས་མིག་སྔར་ད་རུང་གནས་པའི་དུག་སྲིན་འགོག་སྨན་གྱིས་ཕྲ་སྲིན་མི་སོད་པའི་སྣང་ཚུལ་བསྒྱུར་ཏེ་ཕྲ་སྲིན་གསོད་པའི་ནུས་པ་ཆགས་པ་བྱེད་ངེས་ཡིན།
མདོར་ན། སྲིན་མིད་གཟུགས་གསར་རྙེད་བྱུང་བ་དེས་འདུས་རྡུལ་སྐྱེ་དངོས་རིག་པ་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བླ་ན་མེད་པ་བཞག་པ་དེ། དུས་ད་ལྟ་སྐྱེ་དངོས་རིག་པའི་ལས་རིགས་སུ་ཀུན་གྱིས་ཁས་ལེན་པ་རེད། །

        (སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)