ད་ལོར། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ལ་སྐྱེད་ཀ་མེད་པ་མ་ཟད་མ་དངུལ་དུས་འགྱངས་བྱས་ནས་སྤྲད་ཆོག
发布时间:2025年04月08日 消息来源:


སྒྲིག་སྒྱུར། ཚེ་གཟུངས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

གསར་འགོད་པས་ནོར་སྲིད་པུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། ནོར་སྲིད་པུ་དང་། སློབ་གསོ་པུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་དངུལ་རྩ་ལྟ་དོམ་སྤྱི་ཁྱབ་ཅུ་བཅས་ཀྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། 2025ལོར། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ལ་སྐྱེད་ཀ་མེད་པ་དང་མ་དངུལ་དུས་འགྱངས་བྱས་ནས་སྤྲད་ཆོག་པའི་སྲིད་གྲོས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་རེད།

བརྡ་ཐོ་ལྟར་ན། 2025ལོའི་ཟླ1ཚེས1ཉིན་ནས་བཟུང་། 2025ལོ་དང་དེའི་སྔོན་གྱི་ལོ་འཁོར་ནང་མཐར་ཕྱིན་པའི་དངུལ་བུན་བུན་གཏོང་གི་སློབ་མའི་2025ལོར་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཀ་མེད་པར་བཟོ་རྒྱུ་དང་། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སྐྱེད་ཀ་ཁ་གསབ་ཀྱི་སྲིད་ཇུས་གཞིར་བཟུང་ནས། མེད་པར་བཟོས་པའི་སྐྱེད་ཀ་དེ་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་སོ་སོར་འགན་ལེན་བྱ་རྒྱུ་རེད། 2025ལོ་དང་དེའི་སྔོན་གྱི་ལོ་འཁོར་ནང་མཐར་ཕྱིན་པའི་དངུལ་བུན་བུན་གཏོང་གི་སློབ་མའི2025ལོར་འཇལ་དགོས་པའི་རྒྱལ་ཁབ་སློབ་རོགས་དངུལ་བུན་གྱི་མ་དངུལ་དེ། དངུལ་བུན་བུན་གཏོང་གི་སློབ་མས་རེ་ཞུ་བྱས་པ་བརྒྱུད། ལོ་གཅིག་ལ་དུས་འགྱངས་བྱས་ནས་འཇལ་ཆོག འབྲེལ་ཡོད་གཏན་འབེབས་ལྟར་ན། དངུལ་བུན་གྱི་དུས་ཚད་ཆེས་རིང་ཤོས་ལོ22ལས་བརྒལ་མི་རུང་། དུས་འགྱངས་རེ་ཞུ་བྱས་པའི་དངུལ་བུན་ལ་ཆད་དངུལ་དང་སྐྱེད་ཀ་བརྩེགས་མ་བརྩི་རྒྱུ་མེད་ལ། ཉེན་ཁའི་རིམ་པ་ལ་འགྱུར་བ་མི་གཏོང་།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་ཐབས་བཏོན་པས་སྔོན་དཔག་བྱས་ན་སྐྱེད་ཀ་སྒོར་དུང་ཕྱུར24.8ཙམ་ཆག་ཡང་དུ་གཏོང་རྒྱུ་ཡིན་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི600ཙམ་ལ་ཕན་ཐོགས་རྒྱུ་ཡིན་པ་མ་ཟད། དངུལ་བུན་བུན་གཏོང་སློབ་མའི་དཔལ་འབྱོར་གནོན་ཤུགས་དང་ལས་ཞུགས་གནོན་ཤུགས་ཆུང་དུ་གཏོང་བར་རོགས་འདེགས་བྱེད་ཐུབ་ལ། སློབ་མ་སྒེར་གྱི་ཡིད་རྟོན་ཟིན་ཐོ་སྲུང་སྐྱོང་བྱེད་པར་ཡང་རོགས་རམ་དང་། ལས་ཞུགས་བདེ་བླག་ཡོང་བར་སྐུལ་འདེད་གཏོང་ཐུབ།

རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཀྱི་སྐྱེད་ཀ་མེད་པར་བཟོ་བ་དང་མ་དངུལ་དུས་འགྱངས་གཏོང་བའི་སྲིད་ཇུས་དེ་དུས་རིམ་རང་བཞིན་གྱི་སྲིད་ཇུས་ཤིག་ཡིན་པའི་ཆ་ནས། 2022ལོ་ནས་བཟུང་ལོ4ལ་ལག་བསྟར་བྱས་པ་དང་། ནོར་སྲིད་པུས་2025ལོར་སྲིད་ཇུས་འདིར་ཁྱོན་ཡོངས་ནས་དཔྱད་དཔག་བྱ་རྒྱུ་ཡིན་པ་དང་། དཔྱད་དཔོག་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས2026ལོ་དང་དེའི་རྗེས་ཀྱི་ལོ་འཁོར་ནང་མུ་མཐུད་དུ་ལག་བསྟར་བྱེད་མིན་ལ་བདར་ཤ་གཅོད་རྒྱུ་རེད།