ས་ཚིགས་གསུམ་གྱིས་དམངས་སེམས་སྦྲེལ།།
རུ་ཁག་གཉིས་ཀྱིས་བདེ་འགོད་སྲུང་།།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྤྱི་བདེ་ཅུས་སྐྱིད་སྨོན་མངག་གཏོང་ཁང་ཡོད་སར་མཚོ་འཕགས་སྨི4000ཡོད། མངག་གཏོང་ཁང་དེ་ལ་དམངས་ཀྱི་ལས་རོགས་ཉེན་རྟོག་པ19དང་ཉེན་རྟོག་རླངས་འཁོར4། གཞུང་ལས་ཐོག་ཁང1བཅས་ལས་ཅི་ཡང་མེད་མོད། འོན་ཀྱང་ཁོ་ཚོས་བསྒྲུབ་བཞིན་པ་ནི་སྐྱིད་སྨོན་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཁྲི་སྟོང་དང་སྤྱི་ལེ་གྲུ་བཞི་མ914ཡི་ཁྱབ་ཁོངས་ནང་ཁུལ་གྱི་དོན་དག་ཐམས་ཅད་རེད།
གནས་འདི་རུ། གཞི་རིམ་མངག་གཏོང་ཁང་དེས་འགལ་བ་དང་རྩོད་གཞི་སེལ་ཏེ་མང་ཚོགས་བདེ་ལ་ཅི་ལྟར་འགོད་པ་དང་། འབྲོག་པ་མང་ཚོགས་ལ་སྣ་མང་ཅན་གྱི་ཞབས་ཞུ་ཅི་ལྟར་མཁོ་འདོན་བྱེད་ཀྱིན་ཡོད་དམ་ཞེ་ན། མངག་གཏོང་ཁང་དེས“རུ་ཁག་གཉིས་དང་གཞུང་ལས་ཁང་གཅིག་དང་ས་ཚིགས་གསུམ”གྱི་ཉེན་རྟོག་རྣམ་པ་སྤྱད་ཅིང་། གངས་རིའི་འདབས་དང་རྩྭ་ཐང་གི་པང་དུ་བདེ་འཇགས་དྲ་རྒྱ་ཞིག་བཙུགས་ནས། “ཧྥེང་ཆའོ་ཉམས་མྱོང”མཐོ་སྒང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ཡོད།
ཟླ4པའི་ཚེས10ཉིན། མཚོ་འཕགས་སྨི4000ཡོད་པའི་དར་ལག་རྫོང་སྐྱིད་སྨོན་གྲོང་རྡལ་ཁ་བས་གཡོགས་ཤིང་གྲང་རླུང་གིས་ཡོངས་སུ་བསྡམས་ཡོད། ཞོགས་པར། སྲང་ལམ་གྱི་ཚོང་ཁང་དག་གི་སྒོ་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱེ་བའི་རྣམ་པ་དེ་མཐོ་སྒང་འདིའི་ནམ་ཟླ་དང་ཡོངས་སུ་འདྲེས་ཏེ་ཐུན་མོང་མ་ཡིན་པའི་འཚོ་བའི་མཛེས་རིས་ཤིག་གྲུབ་ཡོད།
“སྐྱིད་སྨོན་གྲོང་རྡལ་ནི་རྫོང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཡིན་ལ། མངའ་ཁོངས་སུ་འབྲོག་པའི་ཨུ་ཡོན་ལྷན་ཁང3དང་སྡེ་ཁུལ3ཡོད་པ་དང་། མི་འབོར་བཞུར་ཚད་ཆེ་བས། མངག་གཏོང་ཁང་གི་ལོ་གཅིག་གི་གྱོད་དོན་བསྒྲུབ་ཚད་རྨ་ཆེན་རྫོང་རྟ་བོ་མངག་གཏོང་ཁང་དང་མཚུངས། ཉིན་རེའི་གནས་ཚུལ་འགུལ་རྣམ་སྔོན་བརྡ་དང་དུས་ལྟར་ཞིབ་བརྡར། ཕྱོགས་བགོས་མངགས་སྤྲོད་བཅས་ཀྱི་རྣམ་པ་གྲུབ་ཆེད། ང་ཚོས་སྡེ་ཁུལ་ཉེན་རྟོག་རུ་ཁག་དང་ཁྲིམས་འཛིན་དོན་སྒྲུབ་རུ་ཁག་བཙུགས་ཡོད་ལ། ཕྱོགས་བསྡུས་བམཛུབ་སྟོན་ཁང་བཙུགས་པ་དང་། ཉེན་རྟོག་ས་ཚིགས3བཙུགས་ནས། ཆ་ཚང་བའི་ལངས་གཟུགས་ཅན་གྱི་སྔོན་འགོག་ཚོད་འཛིན་མ་ལག་ཆགས་སུ་བཅུག་ཡོད”ཅེས་སྐྱིད་སྨོན་མངག་གཏོང་ཁང་གི་སུའོ་ཀྲང་ལི་པའེ་དབྱི་ཡིས་དེ་ལྟར་ངོ་སྤྲོད་བྱས།
སྡེ་ཁུལ་གྱི་ཉེན་རྟོག་རུ་ཁག་གིས་གཙོ་བོ་གཞི་རིམ་རྨང་གཞིའི་བྱ་བར་འགན་འཁུར་བཞིན་ཡོད་དེ། དཔེར་ན་འགལ་བ་དང་རྩོད་གཞི་སེལ་བའམ་སྐོར་གཡེང་བྱས་ནས་བཅོས་སྐྱོང་སྔོན་འགོག་བྱེད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་བསྡུ་བ་དང་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ་སོགས་ལྟ་བུ། དེའི་དམིགས་ཡུལ་ནི་མ་བྱུང་བ་སྔོན་འགོག་བྱེད་རྒྱུ་དེ་རེད། ཁྲིམས་འཛིན་གྱོད་སྒྲུབ་རུ་ཁག་གིས་ཁྲིམས་འགལ་དང་ཉེས་གསོག་ལ་ཆེད་དུ་འགོག་རྒོལ་བྱེད་པ་དང་། རྙོག་འཛིང་ཅན་གྱི་གྱོད་དོན་ཐག་གཅོད་བྱས་ཏེ། ཁྲིམས་འཛིན་ཚད་ལྡན་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་བཏང་། རུ་ཁག་གཉིས་ཀྱི་ལས་ཀ་བགོས་པ་གསལ་ཞིང་ཕན་ཚུན་རམ་འདེགས་བྱས་ནས་ལས་ཀ་སྒྲུབ་ཀྱིན་ཡོད་ཅིང་། ཉེན་རྟོག་པའི་ནུས་པ་སྔར་ལས་ཚན་རིག་དང་ལྡན་ཞིང་ཕན་ཕྱོད་མཐོ་རུ་བཏང་། 2022ལོའི་ཚུན་དུ། དར་ལག་རྫོང་གི་ཉེས་དོན་ཉེན་རྟོག་གི་གནས་ཚུལ་དུས་མཉམ་ལས10%ཡིས་མར་བབས་པ་དང་། གྱོད་དོན་སྒྲུབ་ཚད་དུས་མཉམ་ལས49.2%ཡིས་མར་ཆགས།སྤྱི་ཚོགས་བདེ་འགོད་ཁོར་ཡུག་རྒྱུན་མཐུད་ཀྱིས་ཇེ་ཡག་ཏུ་སོང་།
སྡེ་ཁུལ་ཉེན་རྟོག་རུ་ཁག་དང་ཁྲིམས་འཛིན་གྱོད་སྒྲུབ་རུ་ཁག་གིས་གྱོད་དོན་སྒྲུབ་དུས། ཕྱོགས་བསྡུས་མཛུབ་སྟོན་ཁང་གིས་རྗེས་སུ་མཛུབ་སྟོན་བཀོད་གཏོང་དང་གནས་ཚུལ་འདེགས་སྐྱོར། བརྙན་ལམ་ཞིབ་བཤེར་སོགས་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་ཡོད། མངག་གཏོང་ཁང་དེའི་ཕྱོགས་བསྡུས་མཛུབ་སྟོན་ཁང་དུ་སོང་བ་ན། བརྙན་ཡོལ་ཆེན་མོའི་སྟེང་དུ་དུས་ལྟར་མངའ་ཁོངས་སོ་སོའི་གཙོ་གནད་ཁྱབ་ཁོངས་ཀྱི་བརྙན་རིས་འཆར་ཡོད་ཅིང་། ལས་རེས་ཉེན་རྟོག་པས་བརྙན་ཡོལ་མིག་གིས་མ་བཏང་བར་གནས་ཚུལ་རེ་རེར་དོ་སྣང་བྱེད་ཀྱི་ཡོད། འདི་ནི་མངག་གཏོང་ཁང་ཧྲིལ་པོའི“ཀླད་པ”དང་འདྲ་བར། ཆ་འཕྲིན་ཅན་གྱི་བྱེད་ཐབས་ཀྱིས་ཉེན་རྟོག་པའི་ཚན་རིག་དང་ལྡན་པའི་སྡེབ་སྒྲིག་དང་གནད་ལ་འཁེལ་བའི་མཛུབ་སྟོན་མངོན་འགྱུར་བྱེད་ཐུབ་པར་གྱུར། གྱོད་དོན་བྱུང་ཚེ། མཛུབ་སྟོན་ཁང་གིས་མྱུར་དུ་བརྡ་བརྒྱབ་ནས་ཉེན་རྟོག་པ་ཆེས་ཐུང་བའི་དུས་ཚོད་ནང་དུ་ཡུལ་དངོས་སུ་སླེབས་སུ་བཅུག
མ་ཅུན་རུའེ་ཡིས་བཤད་རྒྱུར། ཕྱོགས་བསྡུས་མཛུབ་སྟོན་ཁང་གིས་ད་དུང“ཁྱིམ་གཞིས་ལ་ལྟ་སྲུང”བྱེད་པའི་ནུས་པ་ཐོན་ཐུབ། ལོ་གསར་སྐབས་སུ། འབྲོག་པ་མང་ཚོགས་ཞང་ནང་དུ་ལོག་པས་ཁྱིམ་དུ་སྡོད་མཁན་གྱི་མི་མེད། ཕྱོགས་བསྡུས་མཛུབ་སྟོན་ཁང་གི་རྒྱང་འཛིན་མ་ལག་བརྒྱུད་དེ། ཉེན་རྟོག་པས་དུས་ཚོད24ཡི་རིང་ལ་དྲ་ལམ་ནས་ལྟ་ཞིབ་བྱས་ཆོག་ལ། རྒྱུན་པར་མང་ཚོགས་ཀྱིས་དངོས་པོ་བོར་བ་མ་ཤེས་པའི་སྔོན་ལ་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་ཐུབ།
དེ་ལས་གཞན། སྐྱིད་སྨོན་མངག་གཏོང་ཁང་གི“རུ་ཁག་གཉིས་དང་གཞུང་ལས་ཁང་གཅིག་དང་ས་ཚིགས་གསུམ”གྱི་ཉེན་རྟོག་རྣམ་པའི་ཁྲོད། ཞའོ་ཀྲང་ཉེན་རྟོག་ས་ཚིགས་དང་ཕུ་མང་སྡེ་བའི་ཉེན་རྟོག་མི་དམངས་ས་ཚིགས། དུས་ཚོད24རིང་གི་དམངས་བདེ་ཞབས་ཞུ་ས་ཚིགས་བཅས་ཀྱིས་གྲུབ་པའི“ས་ཚིགས་གསུམ”ནི་ཉེན་རྟོག་པ་དང་མི་དམངས་ཕན་ཚུན་སྦྲེལ་བའི་ཟམ་པ་ལྟ་བུ་རེད། འདི་དག་གིས་གཞི་རིམ་གྱི་ཞབས་ཞུ་ས་ཚིགས་སུ་སྔོན་འགོག་དང་བཅོས་སྐྱོང་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་ཀྱིན་ཡོད་ཅིང་། ཉེན་རྟོག་པའི་བྱ་བ་སྔར་ལས་མང་ཚོགས་དང་འདྲེས་སུ་བཅུག་ཡོད།
སྐྱིད་སྨོན་མངག་གཏོང་ཁང་གི་བྱ་དགའ་སྦྱར་སའི་གྱང་ངོས་སུ། “ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངག་གཏོང་ཁང”དང“རིམ་པ་དང་པོའི་སྤྱི་བདེ་མངག་གཏོང་ཁང”སོགས་འགེལ་བྱང་དང་འབྲོག་པ་མང་ཚོགས་ཀྱིས་གནང་བའི་གཟི་བརྗིད་དར་ཆ་ཡིས་བཀང་འདུག ཆ་སྙོམས་ཀྱི་ལོ་གྲངས28ལས་མེད་པའི་ལོ་ན་གཞོན་པའི་དཔུང་སྡེ་འདིས་ཁོ་ཚོའི་ལང་ཚོ་མཐོ་སྒང་འདི་རུ་བསྟིམས་ནས་དུས་རབས་གསར་པའི“ཧྥེང་ཆའོ་གཏམ་རྒྱུད”འབྲི་བཞིན་ཡོད་ལ། འགུལ་སྐྱོད་དངོས་ཀྱིས“མི་དམངས་སྤྱི་བདེ་ནི་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་པའི་དམ་བཅའ་བརྟན་པོ་དེ་ལག་ཏུ་བསྟར་བཞིན་ཡོད།།