མཉམ་དུ་ཆང་འཐུང་རྗེས་ཚེ་ལས་འདས་ན་འཐུང་རོགས་ཀྱིས་འགན་འཁུར་དགོས།
发布时间:2025年05月06日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


གྱོད་དོན་བསྡུས་བཤད།

ཉེ་ཆར། Dགྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་གིས་མི་མང་པོས་མཉམ་དུ་ཆང་འཐུང་རྗེས། དེ་ཚོའི་གྲས་ཀྱི་མི་གཅིག་ཚེ་ལས་འདས་པའི་ཚེ་སྲོག་དབང་ཆའི་གྱོད་དོན་ཞིག་བར་འདུམ་ཐག་གཅོད་བྱས་ཤིང་། བར་འདུམ་བྱས་པར་བརྟེན་ནས་རྒྱལ་ཁའི་ངང་གྲོས་ཆོད་བཞག་པར་མ་ཟད། ཁྲིམས་ར་ནས་འགན་འཁྲི་ལག་བསྟར་བྱས།

དེ་ཡང་གཏུག་མཁན་གྱི་བུ་ཚེ་རིང(འདས་པོ)དང་གཏུག་ཡུལ་མི8པོ་གཏུག་ཡུལ་ཆེ་གེ་མོའི་ཁྱིམ་དུ་འཛོམས་ནས་ཆང་འཐུང་བ་དང་། ཕྱི་ཉིན་གྱི་དུས་ཚོད2ཀྱི་སྟེང་འཐུང་མཚམས་བཞག་ནས་ངལ་གསོས་ལ། དེ་ནས་ཁོ་ཚོ་འཛོམས་སའི་ཁྱིམ་དེར་ཞག་འདུག་བྱས། ཁོ་རང་ནམ་གུང་ཆབ་གསང་ལ་འགྲོ་དུས་ད་དུང་ཆང་གིས་བཟི་བ་དྭངས་མེད་པས། མཉམ་མ་བཞག་པར་དྲ་མ་ཁྱིམ་སྒོར་འཁྲུལ་ཏེ་དྲུག་ཐོག་ནས་ཐང་ལ་ལྷུང་བ་རེད། སྤྱི་བདེ་ཅུས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། འདས་པོ་ནི་མཐོ་ས་ནས་མར་ལྷུང་སྟེ་ཁྲག་བཞུར་ཚད་མང་བས་ཚེ་ལས་འདས་པ་རེད་ཟེར། གཏུག་མཁན་ལྟར་ན་གཏུག་ཡུལ8པོས་མཉམ་དུ་ཆང་འཐུང་སྐབས་ཆང་འཐུང་རོགས་བར་ལ་འཁུར་དགོས་པའི་བདེ་འཇགས་འགན་སྲུང་འོས་འགན་མ་ཁུར་བའི་དབང་གིས་དོན་རྐྱེན་དེ་འདྲ་བྱུང་བས། གཏུག་ཡུལ8པོས་གྱོང་གསབ་འགན་འཁྲི་འཁུར་དགོས་པར་སྙམ་ལ། དེའི་རྗེས་སུ་གཏུག་མཁན་གྱིས་གཏུག་ཡུལ8པོ་ཁྲིམས་ཁང་དུ་གཏུགས་པ་དང་། ཚེ་འདས་གྱོང་གསབ་དངུལ་དང་དུར་འཇུག་གྲོན་དངུལ་སྒོར་ཁྲི40འཇལ་དགོས་པའི་རེ་བ་བཏོན།


ཁྲིམས་དཔོན་གྱི་འདུམ་སྒྲིག

གཏུག་མཁན་དང་གཏུག་ཡུལ་གཉིས་ཀ་འཐད་པ་བྱུང་བ་བརྒྱུད། ས་དེའི་མི་དམངས་ཁྲིམས་ཁང་གིས་གྱོད་དོན་དེར་འདུམ་སྒྲིག་བྱས། འདུམ་སྒྲིག་བྱེད་པའི་གོ་རིམ་ཁྲོད། ཁྲིམས་དཔོན་གྱིས་ཕྱོགས་གཉིས་ཀར་སེམས་གསོ་བྱས་པར་མ་ཟད། དོན་དག་དེའི་ཐད་ནས་ཕྱོགས་གཉིས་ཀའི་བསམ་འཆར་དང་ལྟ་ཚུལ་ལ་ཞིབ་ཏུ་ཉན་པ་དང་། དེའི་འཕྲོར་གྱོད་དོན་དེའི་གྱོང་གསབ་དངུལ་དང་གཏུག་ཡུལ་སོ་སོས་འདས་པོར་འཁུར་དགོས་པའི་འགན་འཁྲིའི་གནད་དོན་སྐོར་ནས་ཁྲིམས་བཤད་ལུགས་སྒྲོག་བྱས་ཏེ། གཏུག་མཁན་ལ་ལུགས་མཐུན་གྱི་སྔོན་དཔག་ཚད་ཐིག་ཅིག་ཡོད་པར་བྱས་ལ། དེ་དང་ཆབས་ཅིག་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར། གཏུག་ཡུལ8པོས་མཉམ་དུ་ཆང་འཐུང་རྗེས་འོས་འགན་མ་ཁུར་བའི་རྐྱེན་གྱིས། ཆང་འཐུང་རོགས་ཚེ་ལས་འདས་པ་ཡིན་ཕྱིར་འཁུར་འོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་འགྲེལ་བྱས། ཁྲིམས་དཔོན་གྱིས་འདུམ་སྒྲིག་བྱས་པ་བརྒྱུད། གཏུག་ཡུལ་སོ་སོ་དེ་མཐུན་གྱི་གྱོང་གསབ་དངུལ་སྤྲོད་རྒྱུར་འཐད་པ་བྱུང་ཞིང་། གཏུག་མཁན་གྱིས་ཀྱང་འདུམ་སྒྲིག་དང་ལེན་བྱེད་རྒྱུ་ཁས་བླངས་པས། མཇུག་མཐར་ཕྱོགས་གཉིས་ཀའི་འདོད་བློ་གཅིག་མཐུན་བྱུང་སྟེ། གཏུག་ཡུལ8པོས་ཡུལ་དངོས་ནས་གྱོང་གསབ་དངུལ་སྒོར་ཁྲི8སྤྲད།


ཁྲིམས་བཤད་པ།

མཉམ་དུ་ཆང་འཐུང་རྗེས་བཟི་བ་སོགས་ཀྱི་ཉེན་ཁའི་གནས་ཚུལ་བྱུང་བ་ཡིན་ན། ཆང་འཐུང་རོགས་ཀྱིས་འོས་འགན་ངེས་ཅན་ཞིག་འཁུར་དགོས་ཏེ། དཔེར་ན་ཆང་འཐུང་བའི་གོ་རིམ་ཁྲོད་འཐུང་རོགས་ལ་གསལ་འདེབས་དང་ཁ་ལ་བྱེད་པའི་འོས་འགན་དང་ཡང་ན་འཐུང་རྗེས་སྡོད་གནས་སུ་སྐྱེལ་བ་དང་བརྡ་གཏོང་བ། བདག་སྐྱོང་སོགས་བྱེད་པའི་འོས་འགན་ཡོད། གལ་ཏེ་ཆང་འཐུང་རོགས་ཀྱིས་གོང་དུ་བརྗོད་པའི་འོས་འགན་མ་ཁུར་བར། ཆང་འཐུང་རོགས་གཞན་པར་གནོད་འཚེ་བྱུང་དུ་བཅུག་པ་ཡིན་ན། འོས་འགན་མ་ཁུར་བའི་དབང་གིས་དབང་ཆར་གནོད་འཚེ་བཏང་བའི་འགན་འཁུར་དགོས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན1165པའི་ནང་དུ་གཏན་འབེབས་བྱས་དོན། བྱ་སྤྱོད་སྤེལ་མཁན་གྱི་བྱས་ཉེས་དབང་གིས་མི་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་བཟོས་ན། དབང་ཆར་གནོད་འཚེ་བཟོས་པའི་འགན་འཁུར་དགོས། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བྱ་སྤྱོད་སྤེལ་མཁན་ལ་བྱས་ཉེས་ཡོད་པ་གཏན་ལ་ཕབ་པ་དང་། བྱ་སྤྱོད་སྤེལ་མཁན་རང་ངོས་ནས་རང་ལ་བྱས་ཉེས་མེད་པ་བདེན་དཔང་བྱེད་མ་ཐུབ་ཚེ། དབང་ཆར་གནོད་འཚེ་བཟོས་པའི་འགན་འཁུར་དགོས། དོན་ཚན1172པའི་ནང་དུ་གཏན་འབེབས་བྱས་དོན། མི་གཉིས་ཡན་གྱིས་སོ་སོས་དབང་ཆར་གནོད་པའི་བྱ་སྤྱོད་སྤེལ་རྗེས་གྱོང་གུན་སྣ་གཅིག་བཟོས་པ་ཡིན་ན། འགན་འཁྲིའི་ཆེ་ཆུང་གཏན་འཁེལ་བྱེད་ཐུབ་ཚེ། རང་སོ་སོས་དེ་མཐུན་གྱི་འགན་འཁྲི་འཁུར་དགོས། འགན་འཁྲིའི་ཆེ་ཆུང་གཏན་འཁེལ་བྱེད་དཀའ་བ་ཡིན་ན། འགན་འཁྲི་ཆ་སྙོམས་ཀྱིས་འཁུར་དགོས།


ཁྲིམས་དཔོན་གྱི་གསལ་འདེབས།

ཆང་འཐུང་མཁན་གྱིས་ཚད་དང་རན་ཞིང་ཚུལ་དང་ལྡན་པར་ཆང་འཐུང་དགོས་ཏེ། རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་ལ་མཉམ་འཇོག་གི་འོས་འགན་ཆེ་ཤོས་དེ་རང་གིས་འཁུར་ཡོད། ཆང་འཐུང་རོགས་བར་ཕན་ཚུན་ལ་བདག་སྐྱོང་བྱེད་དགོས་ཤིང་། ཆང་འཐུང་རོགས་ཀྱིས་ཆང་འཐུང་བ་ཚད་ལས་བརྒལ་བ་ཤེས་རྗེས་དུས་ཐོག་ཏུ་གསལ་འདེབས་དང་ཁ་ལ་བྱེད་དགོས་པར་མ་ཟད། ད་དུང་ཆང་འཐུང་རོགས་ཀྱིས་ཆང་གིས་བཟི་མཁན་ལ་སྐྱོར་རོགས་དང་བདག་སྐྱོང་། ཁྱིམ་དུ་སྐྱེལ་བ་སོགས་ཀྱི་འོས་འགན་འཁུར་དགོས། དཔེར་ན་ཆང་འཐུང་རྗེས་རླངས་འཁོར་བསྐོར་དུ་མི་འཇུག་པ་དང་དེའི་ཁྱིམ་མིའི་སར་བདེ་འཇགས་ངང་སྐྱེལ་བ་སོགས། ཕ་རོལ་བ་ཆང་གིས་བཟི་སྟེ་རྣམ་རིག་མི་གསལ་ཞིང་རང་ཉིད་ཚོད་འཛིན་བྱེད་པའི་ནུས་པ་མེད་པའི་གནས་ཚུལ་འོག དེ་གར་ཆང་འཐུང་མཚམས་འཇོག་པའི་ཁ་ལ་བྱེད་རྒྱུ་དང་། ཆང་གིས་བཟི་མཁན་གྱི་ལུས་པོ་མངོན་གསལ་གྱིས་མི་བདེ་བའི་ཚོར་སྣང་བྱུང་ཚེ་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དུ་འཇུག་པ་དང་། རང་ཉིད་དང་མི་གཞན་ལ་ཟློག་ཐབས་བྲལ་བའི་གྱོང་གུན་བཟོ་བ་སྔོན་འགོག་བྱས་ཏེ། སྐྱོ་གར་འདི་དང་འདིའི་རིགས་ཡང་བསྐྱར་མི་འབྱུང་བ་སྔོན་འགོག་བྱེད་དགོས། །

              (གྱོད་དཔེའི་ནང་གི་མིའི་མིང་ཚང་མ་འགྱུར་མིང་ཡིན།)