རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།ཟླ5པའི་ཚེས10ཉིན་གྱི་ཆུ་ཚོད14སྟེང་། “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་སྐབས་གཉིས་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འཚོགས་མགོ་བརྩམས་ཤིང་། ལྟད་མོ་བ་ཁྲི་གསུམ་ལྷག་གིས་མཉམ་གཅིག་ཏུ་རྐང་གྲུག་གི་གསོལ་སྟོན་ལ་ལྟད་མོ་གཟིགས་ལ། རྐང་གྲུག་འགྲན་སྡུར་གྱི་གར་སྟེགས་འདི་ལ་བརྟེན་ནས་མཚོ་བྱང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་གང་མང་ཞིག་ཀྱང་འགྲེམས་ཚོང་བྱས་ཡོད། མཚོ་བྱང་ཁུལ་གྱིས་ཐེངས་འདིའི་གསོལ་སྟོན་གཟབ་རྒྱས་གོ་སྐབས་སུ་བརྩིས་ནས་ངོ་སྤྲོད་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ཏེ། ཕྱོགས་མང་བོ་ནས་མཚོ་བྱང་གི་ཁྱད་ལྡན་ཐོན་ལས་དང་སྣ་མང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་སྣང་བརྙན་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད། ལྷག་པར་དུ་མཚོ་བྱང་ཁུལ་གྱི་བཀྲ་ཤིས་གཡང་ནོར་ཏེ“ནོར་གཡང”ངོ་མཚར་ཆེ་བའི་སྒོ་ནས་མངོན་ལ་དེས་མཚོ་བྱང་ནོར་དཀར་གྱི་སྙན་པ་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་བཏང་ཡོད།མཚོ་བྱང་ཁུལ་གྱི་འགྲེམས་སྟོན་དངོས་རྫས་ཕུན་སུམ་ཚོགས་ཤིང་། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཁུལ་དུ་སྐམས་ལུག་ཤ་དང་། ནོར་གནག་གི་གློ་སྙིང་མཆིན་གསུམ་གྱི་འཚོ་བཅུད་ཐིད་ཀྱི་ཐོན་རྫས། པགས་ཐུད། སྟར་བུ། ཤ་མོ་སེར་པོ། སྣུམ། ནས། སྦྲང་རྩིའི་ཐོན་རྫས། ཤྭ་བའི་ཐོན་རྫས། གླ་རྩི། འོ་བཟོས་བཟའ་བཅའ། ཞོག་ཁོག ཁུ་ལི། ནོར་མགོ་སོགས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི”ས་ཁོངས་སྤྱི་སྤྱོད་ཆས་རྟགས་སྤུས་ལེགས་མཛོད་ཀྱི་སྤུས་ལེགས་ཐོན་རྫས་རྣམས་འགྲེམས་སྟོན་བྱས་ཤིང་། རིགས་ཆེན་པོ14ཡི་ཐོན་རྫས་སྣ་ཁ176གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ལ། འགྲེམས་ཁུལ་ཡུལ་དངོས་སུ་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བྲོ་བ་མྱོང་ཞོར་དུ་ཐོན་རྫས་ཉོས་པ་དང་། མཚོ་བྱང་གི་ཐོན་རྫས་ཆས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།རྒྱུས་ལོན་པ་ལྟར་ན། ཉིན་དེར་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་དང་དྲ་ཕྱི་ནས་ཕྱིར་ཚོང་བྱས་པའི་བསྡོམས་འབོར་སྒོར་ཁྲི9.72ཟིན་ལ། དེའི་ནང་དྲ་ཕྱི་ནས་སྒོར་ཁྲི8.4ལྷག་ཙམ་དང་། གློག་རྡུལ་ཚོང་ལས་ཀྱི་ཐད་གཏོང་ཕྱིར་ཚོང་ལས་སྒོར་ཁྲི1.2ལྷག་ཙམ་ཟིན་ཡོད་པ་རེད། དེ་ནི་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། ཐོན་ལས་འཕེལ་རྒྱས་ཀྱི་མགོ་ཚུགས་ས་གསར་བ་ཞིག་ཀྱང་རེད།