གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཟླ5པའི་ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཀྱི་དུས་ཐེངས10པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ། ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས》ཞེས་པ་སྤེལ་རྒྱུ་རེད།
➤ཟླ5པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རེང་ལུའི་ཞི་ཨན· ས་ཝུའེ· ཏེ་ཐུའོ་ཧྥུའུ་ལ་གློག་འཕྲིན་བཏང་ནས། ཁོས་ཐོ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད། ཉིན་དེར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཧྥུའུ་ལེ· ཨའེ་སུའོ་ཆི་མུའུ་ན·ན་ཞིན་པེ་ལ་གློག་འཕྲིན་བཏང་ནས། ཁོང་གིས་ཐོ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་པུ་ཀྲང་ཚོགས་འདུའི་ཀྲུའུ་ཞིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
➤ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏེན་མག་ཚོང་ཚོགས་ཀྱི་འགན་འཁུར་བར་འཕྲིན་ལན་སྤྲིངས་ནས། ཀྲུང་གོའི་ཏེན་མག་ཚོང་ཚོགས་དང་དེ་བཞིན་ཚོགས་མིའི་ཁེ་ལས་ཀྱིས་ཀྲུང་ཏན་དང་ཀྲུང་ཨོ་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་ཆེད་བྱས་རྗེས་གསར་པ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
➤ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས《གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་། འཚོ་སྡོད་ལ་འཚམ་པ་དང་། མཉེན་གཤིས་ལྡན་པ། རིག་ལྡན་གྲོང་ཁྱེར་བཅས་གཏོད་རྒྱུར་མཛུབ་ཁྲིད་བྱས་ཡོད།

➤ཟླ1པོ་ནས་ཟླ4པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར14.6སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས5.9%འཕར་ནས། དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གསར་དུ་བཏོད་ཡོད།
➤ཟླ5པའི་ཚེས15ཉིན་ནས་བཟུང་། ཀྲུང་དབྱང་དངུལ་ཁང་གིས་བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས0.5དམའ་རུ་བཏང་བ་དང་། སྔོན་དཔག་བྱས་ན། ཁྲོམ་རར་ཡུན་རིང་གི་འཁོར་རྒྱུག་རང་བཞིན་གྱི་དངུལ་སྒོར་དུང་ཕྱུར་ཁྲི1ཙམ་འདོན་སྤྲོད་བྱ་རྒྱུ་རེད།
➤ཚེས15ཉིན། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཁྲོམ་འགྲེམས་སྤྱི་གཉེར་གྱིས་དངུལ་སྨར་གྱི་ཁེ་སྤོགས་བགོ་བ་དང་ཕྱིར་ཉོ་ཐོ་ཁོངས་ནས་སུབ་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་མ་འཇོག་བྱེད་མཁན་ལ་ཕྱིར་ལན་འཇལ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
➤ཚེས15ཉིན། རྒྱལ་སྲུང་པུས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྐམ་དམག་དམག་རིགས་སློབ་ཆེན་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ལས་གྲྭ་སློབ་ཆེན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་ལེན་དཔུང་སྡེའི་ལས་གྲྭ་སློབ་ཆེན་སོགས་སློབ་གླིང3ལེགས་སྒྲིག་བྱས་ནས་བཙུགས་པ་ཚང་མ་མཐོ་རིམ་སློབ་གསོའི་སློབ་གླིང་ཡིན་པ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་མཐར་ཕྱིན་སློབ་མ་བསྡུ་རྒྱུ་ཡིན་ཞེས་བཤད་པ་རེད།
➤ཀྲུང་གོ་ཕྱོགས་ཀྱིས་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་ཐག་གཅོད་བྱས་པ་དང་། 2025ལོའི་ཟླ6པའི་ཚེས1ཉིན་ནས2026ལོའི་ཟླ5པའི་ཚེས31ཉིན་བར། པར་ཙིར་དང་། ཨ་ཀེན་ཐིན། ཆི་ལི། ཕེ་རུ། ཝུ་ར་ཀུའེ་བཅས་ཀྱི་ལམ་ཡིག་དཀྱུས་མ་འཁྱེར་མཁན་མི་སྣར་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་ལག་བསྟར་བྱ་རྒྱུ་རེད།
➤ཚོང་དོན་རྗེས་སྙེག་སྒྲིག་གཞིVizionཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཨ་རི་དང་ཀྲུང་གོས་ཕན་ཚུན་སྒོ་ཁྲལ་དམའ་རུ་བཏང་རྗེས། ཨ་རི་ནས་མཁོ་སྒྲུབ་བྱས་པའི་ཀྲུང་གོ་ནས་ཨ་རིར་སྐྱེལ་འདྲེན་བྱ་བའི་དོས་སྒམ་སྔོན་མངག་བྱེད་ཚད300%ཙམ་འཕར་བ་རེད།
སྤྱི་ཚོགས།
➤སང་ཉིན(ཚེས17ཉིན)ནས་བཟུང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་གི་མེ་འཁོར་སྤ་སེ་དངོས་སུ་འཚོང་འགོ་ཚུགས་པ་དང་། དེ་རིང(ཚེས16ཉིན)ཟླ5པའི་ཚེས30ཉིན་གྱི་མེ་འཁོར་སྤ་སེ་ཉོས་ཆོག་པ་རེད།
➤ཁྲིམས་འཛིན་པུས་གཏན་འབེབས་བྱས་པའི《2025ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་རྩ་གནད》ཉེ་ཆར་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་རེད།
➤རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞའོ་ཆེ་གེ་མོར་གླེང་ཕྱོགས་དོན་རྐྱེན་བྱུང་བའི་བརྟག་དཔྱད་ཐག་གཅོད་ཀྱི་འཕེལ་རིམ་སྐོར་གྱི་བརྡ་ཁྱབ་བཏང་བ་སྟེ། སྨན་པའི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་བཏང་བ་དང་། ཏུང་ཆེ་ཡིང་གི་ལག་ཁྱེར་བཞི་ཕྱིར་བསྡུས་པ་རེད།
➤ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་སློབ་གླིང་དྲུག་པའི་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཏུན140རིམ་པའི་གཤེར་དབྱང་ཅ་ཝན་སྒུལ་བྱེད་འཕྲུལ་འཁོར་བསྐྱར་ཟློས་ཀྱིས་ཚོད་ལྟ་ཐེངས་དང་པོ་བྱས་པ་ལེགས་གྲུབ་བྱུང་བ་དང་། དུས་ཐུང་ནང་འགག་རྩའི་ལག་རྩལ་མང་པོ་ཞིག་ལ་ཚད་བརྒལ་བྱུང་ཡོད།
➤ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས14ཉིན། WTA1000རོ་མའི་ས་ཚིགས་ཀྱི1/4མཐའ་བསྡུར་ནང་ཀྲུང་གོའི་འགྲན་ཞུགས་པ་ཀྲེན་ཆིན་ཝུན་འགྲན་ཞུགས་པ་ས་པ་ལུན་ཁ་ལས་རྣམ་པར་རྒྱལ་ནས། འགྲན་བསྡུར་གྱི་རྩེ་གྲ་བཞིའི་ནང་ཐེངས་དང་པོ་ཚུད་པ་རེད།
➤ནན་ཅིན་དམར་གསོད་ཆེ་མོའི་ནང་སྲོག་ཉེན་ཐར་བའི་ཞེ་ཀུའེ་དབྱིང་ཟླ5པའི་ཚེས15ཉིན་གྱི་སྔ་དྲོར་ཚེ་ལས་འདས་པ་དང་། དགུང་ལོ101ཡིན་པ་རེད།
➤ཚེས15ཉིན། ཀུའེ་ཀྲོའུ་ན་ཆིང་མྱུར་བགྲོད་གཞུང་ལམ་གྱི་ལིའུ་ཀྲི་ཐེ་ཟམ་ཆེན་བདེ་བླག་ངང་འབྲེལ་མཐུད་ཐུབ་ནས། ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་། ཟམ་པ་དེས་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པ་རེད།

➤ཚེས15ཉིན། ཧའེ་ནན་ཞིང་ཆེན་ནགས་ལས་ཅུ་ཡིས་ལོ་བརྒྱ་ལྷག་ཙམ་འགོར་རྗེས། ཧའེ་ནན་ནས་རྨིགས་པ་རིགས་གསར་པ་སྟེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨིགས་པ་སླར་ཡང་རྙེད་པ་རེད།
➤ཉེ་ཆར། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུའི་ཐད་གཏོགས་ཅུ་གཉིས་པས་ཕྱི་རྒྱལ་གྱི་ཉེན་ཁ་འཕྲད་པའི་ཉ་པ8ལ་བདེ་བླག་ངང་རོགས་སྐྱོབ་བྱས་པ་དང་། མིག་སྔར། མི་ཚང་མ་བདེ་འཇགས་དང་བདེ་ཐང་རེད།

➤མི་གཞན་སྐྱོབ་ཆེད་རྒྱུགས་ལེན་ལ་ཞུགས་མ་ཐུབ་པའི་ན་གཞོན་ཅང་ཀྲའོ་ཕུན་དང་དེ་བཞིན་རོགས་སྐྱོབ་ནང་ཞུགས་པའི་དྲ་ཐོག་རླངས་འཁོར་ཁ་ལོ་བ་ཝང་ཐའོ་གཉིས2025ལོའི་དུས་ཚིགས་གཉིས་པའི“ཀྲུང་གོའི་མི་བཟང་གི་མིང་ཐོའི”ཧྲན་ཏུང་ཞིང་ཆེན་གྱི་འདེམ་སྒུག་པར་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།
སྲིད་ཇུས།
➤རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགསISOཀྱིས་ཉེ་དུས《རྒན་པ་ཅན་གྱི་སྤྱི་ཚོགས་དང་རྒན་པ་ཅན་གྱི་བསྟུན་མཁས་རང་བཞིན་གྱི་གྲངས་འཛིན་དཔལ་འབྱོར་གྱི་སྤྱི་སྤྱོད་བླང་བྱ་དང་ཕྱོགས་སྟོན》(ISO 25556:2025)དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཚད་གཞི་དེ་རང་རྒྱལ་གྱིས་སྣེ་ཁྲིད་ནས་གཏན་འབེབས་བྱས་ཤིང་། ISOཡིས་རྒན་པའི་ཕྱོགས་ནས་གྲངས་འཛིན་དཔལ་འབྱོར་གྱི་ཚད་གཞི་བཏོན་པ་ཐོག་མ་རེད།
➤ཧོ་ནན་གྱིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་དང་། མཐོ་གསར་ལག་རྩལ་ཁེ་ལས་ཀྱི་སྲིད་ཇུས་རོགས་སྐྱོར། ལག་བརྒྱུད་ཁང་པ་སྤོ་སྒྱུར་ཐོ་འགོད་སོགས་ཧོ་ནན་གྱི་ཁྱད་ཆོས་ལྡན་པའི“དོན་དག་གཅིག”ཁྱབ་རྡལ་བཏང་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་དོན་ཞབས་ཞུའི་དོན་ཚན་ཐེངས་གཅིག་ལ་སྒྲུབ་པ་དང་ནུས་ཆེའི་ངང་སྒྲུབ་པ་མངོན་འགྱུར་བྱས་ཡོད།
➤ཀན་སུའུ་ཡིས་ཇུས་གཞི་པར་འགྲེམས་བྱས་ནས། ད་ལོའི་ཟླ6པའི་སྔོན་དུ། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་གཞིགས་ནས། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་སོགས་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་ཀྱི་རྒྱུ་རིན་ལེན་པའི་གྲོས་འདོན་ཁྲིད་སྟོན་རང་བཞིན་གྱི་ཚད་གཞི་གཏན་ཁེལ་བྱེད་རྒྱུ།
དེ་རིང་གི་གནམ་གཤིས།

➤ཅང་སུའུ་ཡི་དབུས་ལྷོ་རྒྱུད་དང་། ཨན་ཧུའེ་ཡི་ཤར་ལྷོའི་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཅང་ཞིའི་ས་ཆ་མང་ཆེ་བ། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་བཅས་དང་། དེ་བཞིན་ནང་སོག་གི་དབུས་ཤར་རྒྱུད་དང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཀྲེ་ཅང་གི་ནུབ་རྒྱུད་དང་། ཅང་ཞིའི་བྱང་ཤར་རྒྱུད་དང་ནུབ་རྒྱུད། ཧུའུ་ནན་གྱི་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཆེར་ཆེན་པོ་འབབ་རྒྱུ་རེད།