སྐུ་འབུམ་དགོན་ཕ་བཞིས་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་རགས་བསྡུས།
发布时间:2025年05月26日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


  སྐུ་ཕྲེང་དང་པོ་ཕ་བཞིས་ཞབས་དྲུང་བློ་བཟང་དགེ་ལེགས་རྒྱལ་མཚན་ཡིན་ལ། ཁོང་སྐུ་འབུམ་དགོན་པའི་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་དོན་ལྔ་བ་ཡིན། དབུས་སུ་ཕེབས་ཏེ་ཐུགས་གཉེར་ཤིན་ཏུ་བཟང་པོའི་ཡང་རྩེར་གྲགས། དབེན་གནས་དུ་མར་ཐུགས་དམ་ལ་གཞོལ་བས་དྲོད་རྟགས་ཁྱད་པར་ཅན་ལ་མངའ་བརྙེས་ཤིང་སྒྲུབ་པའི་མཐར་སོན། སྡེ་བ་གཞུང་ནས༧རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་གི་ཞབས་བརྟན་ལ་སྲི་མནན་ཁྱད་པར་བ་ཞིག་བྱེད་དགོས་པའི་བཀའ་བསྒྱུར་བ་བཞིན་ཚད་དང་མཐུན་པར་མཛད་པ་ཡིས་གཞུང་ནས་ཐོབ་ས་བསྩལ། སྐུ་འབུམ་དགོན་གྱི་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ཊིཀྐ་ཆེན་ཆེ་བའི་བར་གསན་སྦྱངས་ལེགས་པར་མཛད། རྒྱུད་པ་གྲྭ་ཚང་གི་བླ་མ་དབུ་མཛད་ལ་ལོ་བཅུ་གཉིས་རིང་བཞུགས། རབ་ཚེས་ཆུ་སྦྲེལ་ལོར་དུས་འཁོར་ཁྲི་རབས་སོ་དྲུག་པར་བཞུགས། ཁོང་གི་ཚེ་སྨད་ལ་ཕ་བཞིས་རི་ཁྲོད་དུ་ཚེ་དང་སྒྲུབ་པ་སྙོམས་པར་བྱས་ཏེ། མི་ངོ་འཛིན་པ་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་རྒྱང་རིང་དུ་བསྲིངས་ནས་ཐུགས་དམ་མཉམ་བཞེས་ཀྱི་རྒྱུ་བ་མཐར་ཕྱིན་པར་མཛད།

སྐུ་ཕྲེང་གཉིས་པ་སྟོང་འཁོར་ཆ་གན་འོ་སུ་ཞེས་པའི་སྡེ་བར་ཡབ་དབང་ཕྱུག་ཚེ་རིང་གི་སྲས་སུ་རབ་བྱུང་བཅོ་ལྔ་བའི་རབ་མྱོས་ལྕགས་ཕོ་རྟའི་ལོར་སྐུ་འཁྲུངས། དགུང་ལོ་བདུན་པ་སྟེ་འཛིན་བྱེད་མེ་བྱི་ལོར་རྒྱུད་པ་མཁན་པོ་ཞབས་དྲུང་ངག་དབང་མཁས་གྲུབ་ཉི་མའི་མདུན་སར་བར་མ་རབ་བྱུང་བསྒྲུབས། དགུང་ལོ་བཅོ་བརྒྱད་བཞེས་པ་ཐམས་ཅད་འདུལ་ཞེས་པ་མེ་ཕག་ལོར་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་ཕེབས། མཚན་སྒྲོག་མཁན་ཆེན་དགེ་འདུན་བསྟན་པའི་ཉི་མའི་མདུན་སར་དགེ་ཚུལ་བསྒྲུབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་རྣམ་འགྲེལ་དང་ཕར་ཕྱིན་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་དང་ཚོགས་ལངས་མཛད། ཁྱད་པར་དུ་བསྡུས་གྲྭའི་དམ་བཅའ་མིང་དང་དོན་མཐུན་པ་ཞིག་བཞག དགུང་ལོ་ཉི་ཤུ་བཞེས་པའི་འགལ་བ་ས་གླང་ལོར། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་ཚིགས་ཕྱི་མའི་སྡོམ་པ་བཞེས་ཤིང་བསླབ་བྱ་རྣམས་ཚུལ་བཞིན་སྲུང་བར་མཛད། དགུང་ལོ་ཉེར་གསུམ་བཞེས་པའི་དགའ་བ་ཆུ་འབྲུག་ལོར་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། གསང་ཆེན་ཐེག་པའི་གཞུང་ལ་ཐོས་བསམ་ཕྲ་ཞིང་ཞིབ་པ་སྦྱངས། དགུང་ལོ་ཉེར་བཞི་བ་རྣམ་རྒྱལ་ཆུ་སྦྲུལ་ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། ཆོས་སྲིད་ཟུང་གི་སྒོ་ནས་ཕྱག་ལེན་འཛིན་སྐྱོང་ཡ་མ་བྲལ་བར་ཐུགས་ཁུར་རྒྱ་ཆེན་བཞེས་པར་མཛད། དགུང་ལོ་སུམ་ཅུ་བཞེས་པ་སྒྱུར་བྱེད་ས་ཕག་ལོར་དབུས་གཙང་དག་པའི་ཞིང་དུ་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་དང་རྒྱལ་བ་ཡབ་སྲས་ཀྱིས་མཚོན་པའི་རྟེན་དང་བརྟེན་པར་བཅས་པ་ལ་མཇལ་ཕྱག་སྨོན་ལམ་ཞུས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། བཀའ་བཅུ་བའི་མིང་རྟགས་བླངས། བསྟན་ལུང་དར་རྒྱས་དགོན་ནམ་བཻ་སེར་དུ་བཤད་པའི་གཞིས་དགོན་སྔགས་གྲྭ་ཕ་བཞིས་བཀའ་བཅུ་བས་བཟུང་བར་གསུངས། དགུང་ལོ་སོ་གསུམ་བཞེས་པ་དགེ་བྱེད་ཆུ་སྟག་ལོར་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་མཁན་པོའི་ཁྲིར་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་ཀྱི་འགྲེལ་བ་དང་བརྩི་བཞག་བསྐྱེད་རྫོགས་ཀྱི་བཤད་པ་དང་ཁྲིད་རྒྱུན་མང་དུ་མཛད། ཆོ་ག་ཕྱག་ལེན་ཡན་ལག་དང་བཅས་པ་ཐམས་ཅད་ལ་དག་ཐེར་རྟིང་སྐུལ་བཏང་ལྷོད་ཅུང་ཟད་ཀྱང་མེད་པར་འཛིན་སྐྱོང་སྤེལ་བའི་བཀའ་དྲིན་འཛད་མཐའ་མེད་པར་བསྐྱངས་ཏེ་དགོངས་པ་རྫོགས།

ཕ་བཞིས་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་ནི་སྐུ་འབུམ་ཚོ་དྲུག་གི་ཡབ་གུང་གཡང་འབུམ་དང་ཡུམ་པདྨ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་བའི་དུས་ནས་ཕ་བཞིས་སྐུ་ཕྲེང་གསུམ་པར་ཐུགས་ཐག་བཅད་དེ། སྐུ་འབུམ་ཕ་བཞིས་ནང་ཆེན་ལ་བསུས། དེ་ནས་ཚོགས་ཆོས་གྲྭར་ཆག་མེད་འགྲིམས་ཤིང་རྒྱུད་པ་གྲྭ་ཚང་གི་ཁྲི་བའི་ལས་འགན་བསྐྱངས། སྤྱི་ལོ1958 ལོའི་བསྟན་པར་གོད་ཆགས་བྱུང་བ་དང་སྟབས་འཁེལ་བས་ཁོང་ཡང་ཁྲི་མུན་ཏུ་བཅུག ལོ་རབས་བདུན་ཅུ་བར་ཆོས་ལུགས་སླར་གསོ་བྱས་པ་དང་བསྟུན། ཁོང་ཡང་བསྐྱར་སྐུ་འབུམ་དགོན་གྱི་སྒར་བར་ཕེབས་ཏེ། སྔོན་གྱི་ལས་འགན་རྣམས་ཁུར་ཏུ་བཞེས་ཤིང་ཕ་བཞིས་དགོན་པ་འཛུགས་སྐྲུན་གྱི་རྨང་གཞི་བཏིངས། སྤྱི་ལོ1987 ལོར་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན།

 ཕ་བཞིས་སྐུ་ཕྲེང་བཞི་བ་བློ་བཟང་ཤེས་རབ་རྒྱ་མཚོ་ནི་རབ་བྱུང་བཅུ་བདུན་པའི་སྤྱི་ལོ1988ལོའི་ཟླ་བ12པའི་ཚེས15ཉིན། གཡུ་སྔོན་མདངས་ཀྱིས་འཁྱུད་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་འགྲམ་གྱི་རྐང་ཚའི་རུ་མང་གི་ཡབ་ཏེ་བྷེ་དང་ཡུམ་ཚེ་ཐར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་ཡུམ་གྱི་མཚན་ལམ་དུ་ཨ་ལགས་ཕ་བཞིས་ཚང་བསུ་རུ་འགྲོ་བ་ཡིན་ཞེས་སོང་ཙ་ན་ཐང་ཨ་ལོང་མེ་ལོང་ཞིག་ན་མེ་ཏོག་དཀར་དམར་ཁྲ་གསུམ་གྱིས་ས་གཞི་ཁེབས་ཤིང་ཆུ་བོ་དྭངས་མོ་ལྷོད་ལྷོད་ཀྱིས་འབབ་པ་ཞིག་ནས་རྟ་གྱོ་གྱོ་ཆིབས་པའི་སྐྱེས་བུ་ཞིག་ལ་འཕྲད་པ་དེས་ཁོང་ཕ་བཞི་ཚང་ཡིན་ཟེར་བ་ཞིག་རྨིས། ཡབ་ཏེ་བྷེ་བཙས་སྐར་ཞུ་རུ་ཁུ་བོ་ཨ་དགའ་བླ་མ་ཚང་གི་མདུན་སར་སོང་བ་ན་ཁོང་གིས་བྱིས་པ་འདི་ལ་བདག་ཡག་པོ་བྱོས། མིང་ལ་འགྲིག་ག་ཞེས་ཐོགས་དང་རྟེན་འབྲེལ་ཡོད་གསུངས། དགུང་ལོ་བདུན་གྱི་སྟེང་ཁུ་བོ་སྟེ་རུ་མང་དགོན་པའི་ཁྲི་བ་ཨ་དགའ་བླ་མ་ཚང་གི་སྐུ་མདུན་དུ་བསྐྱལ། དགུང་ལོ་བརྒྱད་པའི་སྟེང་སྐུ་འབུམ་དགེ་བཤེས་བརྩོན་འགྲུས་ཚང་གི་མདུན་སར་རབ་ཏུ་བྱུང་། རང་དགོན་ནས་འདོན་ཀློག་སྦྱོར་ནས་ཆོས་སྤྱོད་རྒྱུད་སྡེའི་བཅའ་ཁ་གཏོར་བཟོའི་བར་དུ་མ་ཚང་བ་མེད་པར་བསླབ། རྣམ་དཔྱོད་གཞན་ལས་ཆེ་བས་དགོན་པའི་འདོན་ཆོས་ཡོངས་རྫོགས་བློ་རྒྱུགས་སུ་སྤྲད་དེ་གྲྭ་ཚང་ཐུན་མོང་གི་བསྔགས་བརྗོད་བྱེད་ཡུལ་དུ་གྱུར། དགུང་ལོ་བཅོ་བརྒྱད་པ་སྟེ་སྤྱི་ལོ་2005 ལོའི་ཟླ་བ8 པའི་ཚེས13 ཉིན་སྐུ་འབུམ་ཨ་ལགས་ཟི་ན་རིན་པོ་ཆེ་ཚང་གིས་ཕ་བཞིས་སྤྲུལ་བའི་སྐུར་ངོས་བཟུང་། ཡབ་ཏེ་བྷེ་ཚང་ལ་ཨ་ལགས་གསེར་ཏོག་གཉེར་བ་བློ་བཟང་གཙོས་ལས་ཀྱི་སྣེ་མོ་བ་རིམ་པར་བྱོན་ཏེ་སྦྲ་ནང་ནས་ཁ་བཏགས་འཐེན་ཅིང་མཚན་ལ་བློ་བཟང་ཤེས་རབ་རྒྱ་མཚོ་རུ་གསོལ། སྐུ་འབུམ་བྱམས་པ་གླིང་དུ་ཁྲིར་འདོན་མཛད་སྒོ་བསྡུས་ཤིང་སྔོན་གྱི་ཕ་བཞིས་བླ་བྲང་ལ་ཞུས། རྐང་ཚའི་རྫོང་དཔོན་དཔལ་ལྡན་དང་ཆོས་ལུགས་དབུ་ཁྲིད་ཀ་དྲིས། འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུ་འཛིན་ཡི་བྷོ། དགོན་ཆེན་ཨ་ལགས་མཁྱེན་པ། དགོན་གྲོང་གཉིས་ཀྱི་སྐྱ་སེར་ཐུན་མོང་ནས་བསུ་སྐྱེལ་རྒྱ་ཆེན་པོ་མཛད། དེ་གར་ཚོགས་ཆོས་ཆད་མེད་ངང་བསྐྱངས་ཏེ་མཚན་ཉིད་གྲྭ་ཚང་ལ་ཞུགས། ཕྱི་ལོའི་ཟླ་བ7 པའི་ཚེས 22 ཉིན སྐུ་འབུམ་ཚོགས་ཆེན་ནང་ཚོགས་ལངས་མཛད་དེ་རྟེན་འབྲེལ་རྒྱ་ཆེར་གནང་། སྤྱི་ལོ2007 ལོའི་ཟླ 5 པའི་ཚེས13 ཉིན་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་ལ་ཕེབས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་ལུང་རིགས་ཚང་གཙོས་དགེ་རྒན་མང་པོ་བསྟེན་ཅིང་ཚོགས་ཆོས་འགྲིམས་ཏེ་སློབ་གཉེར་གྱི་རྒྱུན་བསྐྱངས། ད་ལྟ་ཁོང་སྤྲུལ་པའི་སྐུ་ཕ་བཞིས་བློ་བཟང་ཤེས་རབ་རྒྱ་མཚོ་མཆོག་གིས་སྐུ་འབུམ་རྒྱུད་པའི་ཁྲི་བ་དང་ཕ་གཞི་དགོན་པ་འདི་གཉིས་འཛིན་སྐྱོང་དང་བདག་གཉེར་གྱི་མཛད་པ་རླབས་ཆེན་སྐྱོང་པའི་མུར། གཞན་ཕན་གྱི་སྙིང་རྗེ་ཟབ་མོའི་ཐུགས་བསྐྱེད་དང་སྐུ་རབས་གོང་མ་དག་གི་མཛད་འཕྲིན་བླ་རུ་འདེགས་ཆེད། རང་ལུས་འདོམས་གང་པོ་དོན་མེད་དུ་མི་བརླག་པར་མི་ཚེ་དོན་ལྡན་དང་འདི་ཕྱིའི་བཞེད་དགོངས་ཟབ་མོ་འགྲུབ་པ་སོགས་སྒོ་དུ་མའི་ཆེད་དུ་དམིགས་ཏེ་གཞན་ཕན་འཕྲིན་ལས་ཀྱི་འོད་དཀར་རྒྱུན་ཆད་མེད་པར་ཉམ་ཆུང་ནུས་ཟད་ཀྱི་སྐྱེ་འགྲོ་དག་ལ་ཕངས་མེད་དུ་སྦྱིན་པའི་ཀུན་སློང་དང་བཅས། ཕ་བཞིས་གཞན་ཕན་སྙིང་རྗེ་ཚོགས་པ་ཟེར་བ་ཞིག་བཙུགས་ཏེ། དེང་གི་ཆར་ཉེ་རིང་དང་ཕྱོགས་ཞེན་མེད་པར་རིགས་སོ་སོའི་སྟོབས་ཟད་འཁོས་དམན་གྱི་སྐྱེ་འགྲོ་དག་ལ་རང་ནུས་ཅི་ལྕོགས་ཀྱིས་ཕན་བདེ་བསྒྲུབས་དང་སྒྲུབ་མུས་སུ་མཆིས་སོ།། བགྲང་བྱ་འདི་དག་གི་རིང་ཁོང་ལ་དད་ལྡན་མང་ཚོགས་ཀྱི་མཇལ་དར་དང་བསྔོ་རྟེན་སོགས་ཕུལ་བའི་རྒྱུ་ནོར་ལས་བརྒྱ་ཆའི་རེ་ལྔ་ནས་བདུན་ཅུ་ཙམ་ཕྱིར་སློབ་སྦྱོང་གི་ཆ་རྐྱེན་དབེན་པའི་སློབ་གྲྭ་ཆེན་མོ་བ་དང་། རྒྱུ་ནོར་སྟོབས་འབྱོར་དབེན་པའི་ཉམ་ཐག་གི་དབུལ་ཕོངས་ཁྱིམ་ཚང་། ཕ་མ་མེད་པའི་དྭ་ཕྲུག བདག་མེད་ཁྱིམ་པ་རྒས་འཁོགས། བདག་སྐྱོང་བྲལ་བའི་གྲྭ་བ་དང་བཙུན་མ་རྒན་བགྲེས། ལྔ་སྐྱོང་ཁྱིམ་ཚང་གི་སྐོར། དབང་བོ་སྐྱོན་ཅན་གྱི་རིགས། ནད་བཅོས་ཀྱི་ཆ་རྐྱེན་ཞན་པའི་ནད་པ་སོགས་ལ་ད་ལྟའི་བར་མ་མཐའ་ཡང་དམངས་སྒོར་འབུམ་ཕྲག་ཡས་མས་དང་། མཁོ་དགུའི་ལོངས་སྤྱོད་དངོས་རྫས་ཀྱི་མཐུན་སྦྱོར་གང་འཚམ་བསྐྲུན་པས་དམངས་བྱིངས་ཀྱི་ཁྲོད་དུ་མཚན་སྙན་དང་མིང་གྲགས་ཆེས་ཆེར་རྒྱས་ཡོད། མདོར་ན་ཚོགས་པ་འདི་ནི་མདོ་སྨད་སྐུ་འབུམ་དགོན་པའི་སྤྲུལ་སྐུ་ཕ་བཞི་ནས་སྒྲིག་འཛུགས་བྱས་ཤིང་། འགྲོ་གྲོན་ཐམས་ཅད་ཀྱང་ཁོང་རང་ཉིད་ཀྱིས་གོང་འོག་གི་འགོ་ཁྲིད་དང་སྦྱིན་བདག་དག་ལས་བརྩོན་ལེན་བྱས་ཏེ་བསྒྲུབ་རྒྱུ་ལས་གཞན། ད་དུང་མཐུན་རྐྱེན་འཛོམས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལའང་ནུས་པ་འདོན་རྒྱུ་ནི་ཁོང་གི་རེ་སྨོན་ཡིན་གསུངས་སོ།།